སློབ་གྲྭ།

དབུ་བརྙེས་ཚུལ་དང་དམིགས་ཡུལ།

School (2)སྤྱིར་འཇིག་རྟེན་གྱི་ཁམས་འདིར་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་འབྱུང་བའི་རྒྱུ་གཅིག་པུར་གྱུར་པ་ཐུབ་བསྟན་མདོ་སྔགས་ཀྱི་དམ་ཆོས་ཚང་ལ་མ་ནོར་བ་འདི་ཉིད་ཁ་བ་གངས་ཅན་པའི་སྐད་ཡིག་ཁོ་ན་ལས་སྐད་ཡིག་གཞན་ལ་ཆ་ཚང་བ་མེད་པར་བརྟེན། ཁྱད་ནོར་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། ཁྱད་པར་ཟླུམ་གཟུགས་གོ་ལ་འདིའི་སྟེང་འཚོ་སྡོད་བྱེད་མཁན་མི་ཞིག་ཡིན་ཕྱིན། ཕྱི་ཡ་རབས་སྤྱོད་བཟང་དང་། ནང་གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ཐོག་མི་ཚེའི་རིན་ཐང་མངོན་དུ་འགྱུར་ཐུབ་པ་དང་། བསྟན་འགྲོར་ཞབས་འདེགས་བཟང་པོ་བསྒྲུབ་ཐུབ་པ་སོགས་ལ་དམིགས་ཏེ་༸རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས། བོད་དང་། བལ་ཡུལ། འབྲུག འབྲས་ལྗོངས། ཁུ་ནུ། སྤི་ཏིས། ལ་དྭགས། མོན་ཡུལ་སོགས་ཡུལ་གྲུ་ཁག་ནས་ཕེབས་པའི་བློ་གསར་རྣམས་ཀྱི་ཆེད་དུ་སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་ནང་གསེས་གཞི་རིམ་སློབ་གྲྭ་འདི་ཉིད། བོད་རབ་བྱུང་བཅུ་དྲུག་ས་སྤྲེལ། ཕྱི་ལོ་ ༡༩༦༨ ལོར་གསར་དུ་དབུ་བཙུགས་ཤིང་རྒྱུན་སྡོད་གྲྭ་པ་བརྒྱ་ལྷག་ལ། བཞུགས་ཤག་དང། གསོལ་ཚིགས། མལ་ཆས། ལོ་རེ་བཞིན་སློབ་ཕྲུག་རྣམས་ལ་ན་བཟའ་ཆ་ཚང་རེ་དང་། གསོལ་སྨན་དོད་ཡོངས་རྫོགས་གནང་ཞིང། བོད་ཡིག་འབྲི་ཀློག་དང་༑ སུམ་རྟགས་དག་གསུམ། དབྱིན་ཇིའི་སྐད་ཡིག ཆོ་ག་ཕྱག་ལེན་སོགས་སློབ་ཚན་རྣམས་ཆེད་འཛུགས་གནང། དེ་རྗེས་༸སྤྲུལ་སྐུ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་བཞེད་དང་། ལྷག་བསམ་མཁའ་ལྟར་ཡངས་པའི་དགེ་རྒན་རྣམ་པས་སྔ་ཕྱི་དུ་མར་བསམ་གཞིགས་གནང་སྟེ། རབ་བྱུང་བཅུ་བདུན་ཤིང་སྤྲེལ། ཕྱི་ལོ་ ༢༠༠༤ ལོར་དེང་རབས་དང་མཐུན་པའི་འབྲིང་རིམ་སློབ་གྲྭའི་འཛིན་རིམ་དང་པོ་ནས་བརྒྱད་པའི་བར་གྱི་སློབ་ཚན་དང་སྒྲིག་གཞི་རྣམས་གཤམ་གསལ་ལྟར་གསར་དུ་གཏན་འབེབས་མཛད་ཅིང་དགེ་སློབ་ཡོངས་ནས་ད་ལྟའི་བར་དུ་སྐུ་ངལ་དུ་མ་ལྷུར་ལེན་གྱིས་ལག་བསྟར་ཚད་ལྡན་གནང་བཞིན་ཡོད།། །།