སྔ་འགྱུར་རྙིང་མའི་བྱུང་རབས་མདོར་བསྡུས།

Gururinpocheདེ་ཡང་གངས་ཅན་ཁ་བ་རི་པའི་ཡུལ་གྲུ་འདིར་སྤྲུལ་པའི་ཆོས་རྒྱལ་སྔ་ཕྱི་མང་དུ་བྱོན་པ་ལས། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་སྤང་སྐོང་ཕྱག་རྒྱ་པ་སོགས་ཕྱི་ལོ་ ༤༣༣ ལོར་ནམ་མཁའ་ནས་བབས་ཏེ་ཐོག་མར་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གསུམ་པ་སྤྱན་རས་གཟིགས་དབང་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ཡིག་གཟུགས་གསར་བཟོ་དང་། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། མདོ་སྡེ་ཟ་མ་ཏོག་སོགས་ཆོས་ཚན་མང་དུ་བསྒྱུར། ལྷ་ཆོས་དགེ་བ་བཅུ་དང། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཏེ་བར་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད། རྒྱལ་རབས་སོ་བརྒྱད་པ་འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་འཕགས་ཡུལ་ནས་སློབ་དཔོན་སངས་རྒྱས་གཉིས་པ་དང། མཁན་ཆེན་བྱང་ཆུབ་སེམས་དཔའ། པཎ་ཆེན་བི་མ་ལ་མི་ཏྲ་སོགས་པཎ་གྲུབ་བརྒྱ་རྩ་བརྒྱད་གདན་དྲངས། ལོ་ཆེན་བཻ་རོ་ཙ་ན་དང་། སྐ་ཅོག་ཞང་གསུམ་སོགས་ཀྱིས་འཕགས་ཡུལ་དུ་བཞུགས་པའི་བཀའ་བསྟན་ཕལ་ཆེར་དང་། གཞན་ཡང་སློབ་དཔོན་ཆེན་པོས་གནས་ངེས་མེད་ནས་གསང་སྔགས་བླ་མེད་ཀྱི་ཟབ་ཆོས་རྣམས་སྤྱན་དྲངས། མཁན་པོས་སད་མི་མི་བདུན་རབ་ཏུ་བྱུང་ནས་དམ་ཆོས་འདུལ་བའི་སྲོལ་བཏོད་པ་སོགས་ཀྱིས་བོད་ཡུལ་ཀུན་ཏུ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། རྒྱལ་རབས་ཞེ་གཅིག་པ་གསང་བདག་རྣམ་སྤྲུལ་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སུ་བསྟན་པ་ལ་དག་ཐེར་མཛད་དེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་གཉིས་དབུ་ཡི་མཆོད་གནས་སུ་བཀུར་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་སྤེལ་བ་ནས། རིམ་བཞིན་བརྒྱུད་འཛིན་གྱི་མཁས་གྲུབ་ད་ལྟའི་བར་དུ་ཆད་མེད་བྱོན་ནས་མདོ་སྔགས་ཀྱི་ཆོས་ཚུལ་ཉམས་པ་མེད་པར་བྱུང་བ་དང་། སློབ་དཔོན་ཆེན་པོས་ཕྱི་རབས་གདུལ་བྱའི་དོན་དུ་ཟབ་ཆོས་དུ་མ་གཏེར་དུ་སྦས་པ་དག་ལས་གྲུབ་བརྙེས་རིག་འཛིན་ཆེན་པོ་རྣམས་ཀྱིས་བཏོན་པའི་ཟབ་གཏེར་ཁག་དགོན་སྡེ་གང་དུ་གཙོ་བོ་སྒྲུབ་པ་ཉམས་ལེན་གྱི་ཕྱག་སྲོལ་དར་ཁྱབ་ཏུ་བྱུང་བ་དང་། བཀའ་མ་རྣམས་བརྒྱུད་ཚུལ་མི་འདྲ་བས་བརྒྱུད་འཛིན་གྱི་དགོན་ཆེན་ཁག་ལ་མ་དགོན་དང་། དེ་ལས་གྱེས་པའི་དགོན་ཕྲན་རྣམས་ལ་བུ་དགོན། དེ་ལས་གྱེས་པ་ལ་ཡང་དགོན་གྱི་ཐ་སྙད་བྱུང་། དེང་གི་དུས་སུ་གྲགས་པའི་མ་དགོན་ལའང་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས། ཞེས་མ་དགོན་ཆེན་མོ་དྲུག་གམ་གདན་ས་ཆེན་པོ་དྲུག་ཅེས་སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ་བཞིན་པའོ། །