སྒྲུབ་གྲྭ།

༄༅། །སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་ཡན་ལག་སྒྲུབ་སྡེ་འོད་གསལ་གླིང་གི་སྐོར།

Zangdhong Palri (9)སྔ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནང་རྒྱུད་གསུམ་པོ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བས་མི་ཉམས་རྒྱུན་འཛིན་དང་། མི་ཚེ་དོན་ལྡན་གྱི་ཆེད་དུ་གནས་མཆོག་མཚོ་པདྨར་ཟངས་མདོག་དཔལ་རིའི་ཉེ་འཁྲིས་མི་དང་མི་མིན་གྱི་རྒྱུ་འགྲུལ་སོགས་འདུ་འཛིས་གནོད་འཚེ་མེད་ཅིང་དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་དབེན་གནས་ས་ཕྱོགས་ཤིན་ཏུ་ཉམས་དགའ་བར་༸རི་མགོ་མཆོག་སྤྲུལ་རིན་པོ་ཆེ་ནས་བོད་རབ་བྱུང་བཅུ་བདུན་ཤིང་བྱ། ཕྱི་ལོ་ ༢༠༠༥ ལོར་སྒྲུབ་ཁང་དངོས་གཙང་ལ་བཀོད་ལེགས་པ་རུང་ཁང་དང་ཁྲུས་ཁང་འབྱར་མ་ཅན་གྱི་ཤག་མིག་བཅོ་བརྒྱད་གསར་བཞེངས་གནང་ཡོད་ལ། གནས་འདི་ནི་བདེ་ཞིང་ཉམས་སྤྲོ་བ། རིག་པ་དྭངས་ཤིང་ཏིང་འཛིན་ངང་གིས་འཕེལ་བ། ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་རིང་དུ་སྲིང་བ། ཐར་པའི་ལམ་དུ་འདེགས་ཤིང་ངན་འགྲོའི་གཡང་ས་ལས་སྐྱོབ་པ། རང་རྒྱུད་ཆོས་དང་འདྲེས་ལ་གཏན་བདེའི་འདུན་མ་འགྲུབ་པ། ཉམས་རྟོགས་ཀྱི་རྩལ་ཕྱོགས་མེད་དུ་རྒྱས་ཤིང་ཆོས་བརྒྱད་ཀུན་ནས་མགོ་སྙོམས་པ། དགེ་
སྦྱོར་ངང་གིས་འཕེལ་ཞིང་ཆགས་སྡང་རེ་དོགས་དང་བྲལ་བ། རབ་འབྱམས་རྩ་གསུམ་གྱི་ལྷ་ཚོགས་དང་ཆོས་སྲུང་དམ་ཅན་རྒྱ་མཚོས་བྱིན་གྱིས་བརླབས་ཤིང་ཕྲིན་ལས་སྒྲུབ་པའི་གྲོགས་དན་མཛད་པ། མཐའ་སྐོར་དུ་ཨོ་རྒྱན་མ་ཧཱ་གུ་རུའི་མེ་དཔུང་མཚོ་རུ་བསྒྱུར་བའི་མཚོ་པདྨ་ཅན་དང། རྩི་ཤིང་སྣ་ཚོགས་མཆོད་པའི་ཚུལ་དུ་འཁྲུངས་ཤིང་རྣམ་མང་འདབ་ཆགས་ཚོགས་ཀྱིས་གསུང་སྙན་ལྷང་ལྷང་སྒྲོག་ཅིང་སྒྲུབ་པའི་གྲོགས་སུ་འགྲོ་བ་སོགས་ཡོན་ཏན་བརྗོད་ཀྱིས་མི་ལང་བའི་དབེན་ཁྲོད་འདིར་ངེས་འབྱུང་གིས་ཐུགས་རྒྱུད་རབ་ཏུ་བརླན་ཅིང་སྒྲུབ་ལ་སྙིང་རུས་ནུས་པ། བློ་ཕུགས་ཆོས་དང་ཆོས་ཕུགས་འཆི་ལ་གཏད་པའི་རང་དགོན་བཤད་གྲྭའི་བསླབ་པ་མཐར་སོན་པའི་མཁན་སློབ་དང་དགེ་འདུན་པ། གཞན་ཡང་ཐེག་མཆོག་རྣམ་གྲོལ་གླིང་གིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་སྤྲུལ་བླ་སློབ་རབ་བྱུང་སྔགས་པ་བཅོ་བརྒྱད་ཙམ་གྱིས་ཡི་དམ་སོ་སོའི་བསྙེན་སྒྲུབ་དང། བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་ལ་ཉིན་མཚན་ཀུན་ཏུ་བརྩོན་ཏེ་སྒྲུབ་པའི་རྒྱལ་མཚན་འཛུགས་བཞིན་པར་སྒྲུབ་གཡོག་དང་འཚོ་རྟེན་ཡང་མི་དམན་པ་སྦྱོར་མུས་ལགས་སོ།། །།