འཕགས་ཡུལ་རི་དགོན་དཔལ་ཡུལ་ཆོས་འཁོར་གླིང་།

Palyul Choekhorlingཤར་རྒྱལ་བ་དཔལ་ཡུལ་བའི་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་ཇི་ལྟར་ཡོད་པ་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ། ༸སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན་གདན་ས་འདིར་ཡང་ལོ་ལྟར་དགེ་འདུན་པ་རྣམས་ལྷན་འཛོམས་ཐོག་བོད་ཟླ་ ༡ ཚེས་ ༡ ཉིན་བཀྲ་ཤིས་བརྒྱད་པས་དབུ་འཛུགས་ཀྱིས་ཡན་ལག་བདུན་པ་དང། གནས་བརྟན་ཕྱག་མཆོད་སོགས་གསུངས་ཏེ་རྟེན་གསུམ་མདུན་མཇལ་དར་ཕུལ་ཞིང་ལོ་གསར་པའི་རྟེན་འབྲེལ་དགའ་སྟོན་ལ་རོལ་བ་དང་། ས་ག་ཟླ་བའི་ཡར་ཚེས་ ༨ ནས་ ༡༥ བར་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་མཆོད་ཉིན་བདུན། སིདྡྷི་དུང་སྒྲུབ། དེ་བཞིན་བོད་ཟླ་ ༦ པའི་ཚེས་ ༡༦ ནས་འདུལ་བ་གཞི་གསུམ་གྱི་ལག་ལེན་འཐུས་ཚང་གི་སྒོ་ནས་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་འཚོགས་ཞོར་དུ་སྦྱིན་བདག་རྣམས་ཀྱི་རྟེན་རྩ་དང་འབྲེལ་བའི་ཚོགས་པ་ཁག་དང། སྙིང་ཐིག་གསོལ་ཀ། གནམ་ཆོས་གསོལ་ཀ། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་སྒྲུབ་སོགས་འཚོགས་ཀྱི་ཡོད། བོད་ཟླ་ ༩ པའི་ཚེས་ ༥ ཉིན་སྔ་འགྱུར་བཀའ་མ་ཚོགས་ཆེན་འདུས་པའི་ས་ཆོག་དབུ་འཛུགས་ཀྱིས་སྒྲུབ་མཆོད་དང་འབྲེལ་རྩ་ཁྲོ་གར་གསུམ་སོགས་འཆམ་སྣ་ཁག་མཇལ་ཁ་དང་། ཚེས་ ༡༥ ཉིན་རྒྱས་པའི་སྦྱིན་སྲེག་དང་སེར་སྐྱ་མི་མང་རྣམས་ལ་སྒྲུབ་དབང་གནང་གྲུབ་རྗེས་མར་མེའི་སྨོན་ལམ་བཀྲ་ཤིས་བསྔོ་སྨོན་བཅས་ཀྱིས་མཐའ་བརྒྱན་པ་དང། བོད་ཟླ་ ༡༢ པའི་ཟླ་མཇུག་ཏུ་དགུ་ཆེན་ལ་རཏ་གླིང་ཕུར་པའི་གཏོར་བཟློག་ཟོར་འཆམ་བཅས་གནང་བ་དང་། གནམ་གང་སྟེ་བོད་ཚེས་ ༣༠ ཉིན་༸རིན་པོ་ཆེའི་སྐུ་རིམ་ཚེ་ཆོག་འཆི་བསླུ་གསུངས་བཞིན་ཡོད། ནམ་རྒྱུན་སྤྱིར་མཁའ་ཁྱབ་སྐྱེ་འགྲོ་མཐའ་དག་འདི་ཕྱི་བདེ་བའི་ཐབས་དང་ཁྱད་པར་འབྲེལ་ཐོགས་གཤིན་གསོན་རྣམས་ཀྱི་ཆེད་དུ་སྔ་དགོང་རྣམས་སུ་སྒྲོལ་ཆོག་དང། རིག་འཛིན་འདུས་པ། སྙིང་ཐིག་གསོལ་ཀ། གདུགས་ཤེར་སེང་གསུམ། སྨོན་ལམ་རྣམ་ལྔ་སོགས་ཞབས་རིམ་ཁག་གསུངས་པ་དང་། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས་སུ་བླ་མ་རིག་འཛིན་འདུས་པ་དང་། ཉེར་ལྔ་རྣམས་ལ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད་འབུལ་ཞིང་། མགོན་ཁང་བདུད་དཔུང་ཟིལ་གནོན་དུ་མ་མགོན་མགར་གསུམ་གཙོས་ཆོས་སྲུང་རྣམས་ཀྱི་ཕྲིན་བཅོལ་ཆག་མེད་རྒྱུན་དུ་གསུང་གི་ཡོད་པ་མ་ཟད། སྦིར་དང་ཅོན་ཏ་རའི་གཞིས་ཆགས་ཁག་གསུམ་དང་། བོད་ཁྱིམ་སློབ་གྲྭ་ཁག མཚོ་པདྨ་བཅས་སུ་དད་ལྡན་རྣམས་ཀྱི་རེ་འདོད་ལྟར་གསོན་པོའི་ཞབས་རིམ་དང་གཤིན་པོའི་གནས་ལུང་སོགས་སྒྲུབ་པ་དང་། བར་མཚམས་རྣམས་སུ་དགེ་འདུན་པ་དག་གིས་དཀྱིལ་འཁོར་ཐིག་ཚོན་གྱི་སྐོར་དང་། ཆོ་ག་ཕྱག་ལེན། གཏོར་བཟོ་དཀར་རྒྱན། འབུད་བརྡུང་དཀྲོལ་གསུམ། གདངས་དབྱངས། འཆམ་བཅས་སྦྱོང་ཞིང་རྒྱུད་འཛིན་གནང་བཞིན་པའོ། །