འཆད་རྩོད་རྩོམ་གསུམ་གྱི་སྐོར།

ལོ་ལྟར་གུང་སེང་རྗེས་ལོ་གསར་པའི་དཔེ་ཁྲིད་དབུ་ཚུགས་ནས་བཟུང་སློབ་གཉེར་བ་རྣམས་ཀྱིས་འཛིན་གྲྭ་སོ་སོའི་སློབ་ཚན་རྣམས་ལ་འཆད་ཉན་ཆག་མེད་ཐོག་དམིགས་བསལ་ཀུན་མཁྱེན་ཀློང་ཆེན་པ་དང་འཇམ་མགོན་མི་ཕམ་རིན་པོ་ཆེའི་འདས་མཆོད་ཉིན་མདོ་སྔགས་ཀྱི་གཞུང་དོན་དཀའ་གནད་ཐད་དགག་བཞག་སྤོང་གསུམ་གྱི་སྒོ་ནས་སྐྱ་སེར་འདུས་པ་རྒྱ་མཚོའི་དབུས་སུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དམ་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། གཞན་ཡང་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་གཤེགས་ཤུལ་ལ་མངོན་པར་ཕྱོགས་ཏེ་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་མཁན་སློབ་དགེ་འདུན་འདུས་པ་རིན་པོ་ཆེའི་མདུན་མདོ་རྒྱུད་སྤྱི་དང་ཁྱད་པར་རང་ལུགས་ཀུན་མཁྱེན་རྣམ་བཞིའི་གཞུང་དོན་དཀའ་བའི་གནད་རྣམས་ལ་བཤད་རྒྱུགས་དང། ལུང་རིགས་ཚད་མའི་ལམ་ནས་འཛིན་རིམ་ནང་ཁུལ་རྩོད་རྒྱུགས་འབུལ་བ། མདོ་སྔགས་ཀྱི་དཀའ་གནད་ཁག་ལ་དམ་བཅའི་རྩོམ་ཤོག་ཐོག་ནས་བགྲོ་གླེང་གནང་བ། དེ་བཞིན་སྟོན་པ་ཐུབ་པའི་དབང་པོ་དང་། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས༑ རྒྱན་དྲུག་མཆོག་གཉིས། སྔ་འགྱུར་བའི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ལ་མཆོད་སྤྲིན་གྱི་ཚུལ་དུ་སྙན་རྩོམ་འགྲན་བསྡུར་གནང་སྟེ། མཁན་སློབ་རྣམ་པས་ཞིབ་བཤེར་གྲུབ་རྗེས་ཨང་དང་པོ། གཉིས་པ། གསུམ་པ་བཅས་ལ་༸སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་བྱ་དགའ་གསོལ་རས་བསྩལ་བ་བཅས་མདོར་ན་རང་ནུས་གང་ལྕོགས་ཀྱིས་མཁས་པའི་བྱ་བ་རྣམ་གསུམ་ཡ་མ་བྲལ་བར་བརྩོན་བཞིན་པའོ། །