མཚོ་པདྨའི་ཟངས་མདོག་དཔལ་རི།

སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་ཡན་ལག་མཚོ་པདྨའི་ཟངས་མདོག་དཔལ་རིའི་སྐོར།

Zangdog Palriདེ་ཡང་ཇི་སྐད་དུ། མདོ་དྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པ་ལེགས་བསྐྲུན་དང་། །དགེ་འདུན་གནས་མལ་བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །དགེ་བ་ཡོངས་སུ་ཆུད་མི་ཟ། །ཞེས་དང། པདྨ་བཀའ་ཡི་ཐང་ཡིག་ལས། ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམས༔ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེད༔ པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེངས་པ༔ སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགས༔ ཞེས་འབྱུང་བ་ལྟར། དེང་འཇིག་རྟེན་གྱི་ཁམས་འདིར་ནད་མུག་མཚོན་འཁྲུག་ས་གཡོ་ཆུ་ཐན་སོགས་སྙིགས་ལྔའི་རང་མདངས་ཀུན་ནས་དར་ཏེ་བསྐལ་ངན་དུས་ཀྱི་འཚུབ་མ་རླུང་ལྟར་འཕྱོ་ཞིང་ཕུན་ཚོགས་བདེ་དགའི་དཔལ་ཡོན་དབྱིངས་སུ་ནུབ་ལ་ཉེ་བའི་དུས་འདིར། སེམས་ཅན་སྤྱི་དང་ཁྱད་པར་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པ། ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་རྣམ་པར་གྲུབ་པ་དུས་གསུམ་རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་ཏུ་འདུས་པ་མཚོ་སྐྱེས་རྒྱལ་བ་གཉིས་པའི་སྐུ་གསུང་ཐུགས་སོགས་དང་འབྲེལ་བའི་རྣམ་དཀར་གྱི་ལས་ལ་བརྩོན་དགོས་པའི་ལྷ་བླའི་བཀའ་ལུང་དང་། དུས་ངན་གྱི་རྒུད་པ་མཐའ་དག་མིང་མེད་དུ་ཞི་ནས་འཚེ་མེད་ཞི་བདེའི་དཔལ་ཡོན་ལ་རོལ་བའི་བདག་རྐྱེན་དུ་དམིགས་ཏེ། ༸རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་ཐུགས་བསྐྱེད་དང་སྐུ་ངལ་ཚད་མེད་པས་ཨོ་རྒྱན་མ་ཧཱ་གུ་རུས་རྫུ་འཕྲུལ་གྱི་བཀོད་པས་མེ་དཔུང་མཚོ་རུ་བསྒྱུར་བའི་གནས་མཆོག་མཚོ་པདྨར། ཇི་སྐད་དུ། ཐལ་འགྱུར་ལས། འབྱུང་བ་རིམ་བརྩེགས་སྟེགས་དང་བཅས། །ཞེས་དང། བཤད་རྒྱུད་རོལ་པ་ཆེན་པོ་ལས། ཀུན་ནས་མེ་འོད་འཁྲིགས་པའི་དབུས། །འོག་མིན་ལ་སོགས་རིམ་བཞིན་འཆར། །འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞི་རྣམ་པར་བརྗིད། །ཅེས་རྒྱུད་ནས་ཇི་སྐད་འབྱུང་བ་ལྟར་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ། བ་གམ་སུམ་བརྩེགས་དང་ལྡན་པ། གསེར་འོད་ལམ་ལམ་དུ་འཕྲོ་བའི་གནྫི་ར་དང་། གདུགས། རྒྱལ་མཚན། བ་དན། རིན་ཆེན་དང་པོས་སྤུད་པའི་རྒྱ་ཕིབས་ཀྱིས་ལེགས་པར་མཛེས་པ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག བྱང་ཨིནྡྲ་ནི་ལ་སྟེ་རིན་པོ་ཆེ་རྣམ་པ་ལྔ་ཡི་མདངས་དང་ལྡན་ཞིང་། ཕྱི་རོལ་གྱི་མཐའ་སྐོར་དུ་རྡོ་ཀ་མ་རུ་པ་ལས་གྲུབ་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གིས་རྣམ་འགྱུར་སྣ་ཚོགས་པའི་སྒེག་ཉམས་ཀྱིས་གླུ་གར་སོགས་ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་ནམ་མཁའ་མཛོད་དུ་སྤྲོ་ཞིང་། ནང་བརྟེན་པ་བྱིན་ཅན་ལྷ་ཡི་བཀོད་པ་ཡང་། དཔལ་རིའི་གསང་ལམ་ལས། དེ་སྟེང་ཆོས་སྐུའི་ཞིང་ཁམས་ཉམས་དགའ་བར༔ གཞི་སྣང་ཡེ་ཤེས་སྙིང་པོ་ཀུན་ཏུ་བཟང༔ སྣང་མཐའ་རིག་པའི་འཁོར་ལ་བརྡ་ཆོས་སྟོན༔ སྟོན་འཁོར་དགོངས་པ་མཉམ་པའི་ཕྲིན་ལས་ཅན༔ ཞེས་འབྱུང་བ་ལྟར། སྟེང་ཁང་ཆོས་སྐུའི་ཕོ་བྲང་མཐའ་དབུས་ཕྱོགས་ཆ་གང་དུའང་བཞག་ཏུ་མེད་ཅིང་སྤྲོས་པ་མཐའ་དག་དང་བྲལ་བའི་ཆོས་དབྱིངས་ལྷུན་གྲུབ་དོན་གྱི་འོག་མིན་སྟུག་པོ་བཀོད་པའི་ཞིང་དང་མཉམ་པའི་དབུས་སུ་སྣང་བ་ཐམས་ཅད་དབང་དུ་བྱེད་ཅིང་དབང་བཅུ་མངའ་བའི་བརྡར། རྨ་བྱའི་ཁྲིར་ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང་དུ་གསེར་ཟངས་ལས་གྲུབ་པའི་ཆོས་སྐུ་སྣང་བ་མཐའ་ཡས་སྤྲུལ་སྐུའི་རྒྱན་གྱིས་སྤྲས་པ་བྱིན་རླབས་ཀྱི་འོད་སྟོང་རྣམ་པར་སྤྲོ་བཞིན་བཞུགས་པ། མཐའ་སྐོར་རྩིག་ངོས་རྣམས་སུ་རྒྱལ་བ་རིགས་ལྔ། འོད་དཔག་མེད་ཀྱི་ཞིང་བཀོད། ཆོས་སྐུའི་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་ཆེན། ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། གཞན་ཡང་རྫོགས་ཆེན་སྟོན་པ་བཅུ་གཉིས་ཏེ་རྒྱལ་བ་དགོངས་པའི་བརྒྱུད་པ་རྣམས་བཞུགས་པའོ། །ཡང་སྔ་མ་ལས། དེ་སྟེང་ལོངས་སྐུའི་གཞལ་མེད་བཀོད་མཛེས་ནང༔ ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་ལ༔ ཚོམ་བུའི་དཀྱིལ་འཁོར་བསམ་ཡས་འཁོར་གྱིས་བསྐོར༔ རྣམ་རྟོག་བག་ཆགས་དགྲ་གདོན་ཐལ་བར་བྱེད༔ ཅེས་གསུངས་པ་ལྟར། བར་ཁང་ལོངས་སྐུའི་ཕོ་བྲང་གི་གཞལ་ཡས་ཁང་ཆེན་པོར་དབུས་སུ་པདྨ་རིགས་ཀྱི་བདག་པོ་ཆོས་སྐུ་སྣང་བ་མཐའ་ཡས་གང་ཉིད་ཕྱེད་སྣང་ལོངས་སྐུར་ཤར་བ་སྙིང་རྗེའི་དབང་ཕྱུག་ཕྱག་ན་པདྨོ་ཞལ་གཅིག་ཕྱག་བཞི་པ་ལོངས་སྐུའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་གསེར་ཟངས་ལས་གྲུབ་པ། སྐུ་རྒྱབ་བྱང་སེམས་ཉེ་བའི་སྲས་བརྒྱད་ལོངས་སྐུའི་ཆས་ཅན་བཞེངས་སྟབས་ཀྱིས་གནས་པ། མཐའ་སྐོར་རྩིག་ངོས་རྣམས་སུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་བཀོད་དང་། ཐུགས་རྗེ་ཆེན་པོ་དྲུག ཉེ་བའི་སྲས་ཆེན་བརྒྱད། སློབ་དཔོན་དགའ་རབ་རྡོ་རྗེ་དང། དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་རིག་འཛིན་བརྡ་ཡི་བརྒྱུད་པ་རྣམས་ བཞུགས་པའོ།། འོག་ཁང་སྤྲུལ་སྐུའི་ཕོ་བྲང་རང་བཞིན་སྤྲུལ་སྐུའི་འོག་མིན་དང་མཉམ་པའི་གཞལ་མེད་ཁང་ཆེན་པོར། སྔ་མ་ལས། ཕོ་བྲང་གཞལ་མེད་ཆེན་པོའི་ལྟེ་བ་ལ༔ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང༔ བདེ་གཤེགས་ཀུན་འདུས་རང་འབྱུང་པདྨ་འབྱུང༔ སྐུ་གསུམ་རིགས་འདུས་འཇའ་ཟེར་ཀློང་ན་བཞུགས༔ ཞེས་གསུངས་པ་ལྟར། དབུས་སུ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར་སྣ་ཚོགས་ཆུ་སྐྱེས་འདབ་མ་སྟོང་ལྡན་གྱི་སྟེང་དུ། ཐབས་ཤེས་ཉི་ཟླའི་གདན་ལ་དུས་གསུམ་རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པ། སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་གུ་རུ་སྣང་སྲིད་ཟིལ་གནོན་ཆེ་བཙན་འགྲན་ཟླ་དང་བྲལ་བ་སྣང་སྲིད་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུ་གཟི་མདངས་ལྷམ་མེར་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་ཤིང་གསེར་ཟངས་ལས་གྲུབ་པ། སྐུ་རྒྱབ་གུ་རུ་མཚན་བརྒྱད་དང་རིགས་བདག་འོད་དཔག་མེད་རྣམས་པད་ཟླའི་གདན་ལ་འཕགས་པ། མཐའ་སྐོར་རྩིག་ངོས་རྣམས་སུ་གུ་རུ་མཚན་བརྒྱད། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས། གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། བོད་ཀྱི་རྗེ་འབངས་ཉེར་ལྔ། གཏེར་སྟོན་གྱི་རྒྱལ་པོ་ལྔ། མཆོག་གི་སྤྲུལ་སྐུ་རྣམ་གསུམ། གླིང་པ་བཅུ་གཅིག ༸འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་གཟིགས་སྣང་ཟངས་མདོག་དཔལ་རིའི་ཞིང་བཀོད། ཀུན་མཁྱེན་རྣམ་གསུམ། ཟུར་མེས་དབོན་རྣམ་གསུམ་སོགས་གང་ཟག་སྙན་བརྒྱུད་དང། གཞན་ཡང་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་རྣམས་དང་རྒྱལ་ཆེན་སྡེ་བཞིས་ཉི་མ་དང་ཟེར་བཞིན་དུ་བསྐོར་ནས་     བཞུགས་པའོ། ། དེ་ལྟར་སྐུ་གསུམ་རྒྱལ་བའི་ཞིང་ཁམས་མ་ལུས་པའི་ཡོན་ཏན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དཔལ་ཡོན་གཅིག་ཏུ་འཁྱིལ་བ་ངོ་མཚར་འབུམ་གྱིས་འཁྱུད་པའི་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ཕྱི་ལྟར་དཀྱིལ་འཁོར་གྱི་རྣམ་པར་ཤར་བ་སྐུ་གསུམ་རྒྱལ་བའི་ཞིང་བཀོད་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་འདི་ཉིད་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་མཆོག་ཏུ་གསར་བཞེངས་ལ་དད་གཏོང་ལྷག་བསམ་དཀར་བ་ཨེལ་ཇི་གྷོ་ Elgie Gho དང་ལིན་གྷོ་ Lyn Gho ནང་མིའི་མཐུན་འགྱུར་དང་། བླ་མ་ངག་དབང་མཆོག་གིས་ལས་དཔོན་གྱི་ཐུགས་འགན་གཙོ་བོར་བཞེས་ཏེ་བོད་རབ་བྱུང་བཅུ་བདུན་ས་བྱི། ཕྱི་ལོ་ ༢༠༠༨ ལོར་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན་བཀྲ་ཤིས་པའི་ཆོ་གས་དབུ་འཛུགས་ཏེ་༸མཚུངས་མེད་སྤྲུལ་སྐུ་རིན་པོ་ཆེ་དང་བླ་མ་ངག་དབང་མཆོག་གིས་དབུས་དགེ་འདུན་པ་བཅུ་ཕྲག་གཉིས་ཀྱིས་ལོ་ངོ་བཞིའི་རིང་བསྟན་དོན་དུ་སྐུ་ངལ་ཚད་མེད་ཀྱིས་འབད་པ་རྒྱ་ཆེར་གནང་བའི་ཕྱག་རྗེས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་གྲུབ་སྟེ། སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་ཉིན་གཉིས་ཀྱི་རིང་རབ་གནས་ལེགས་པར་མཛད། རབ་བྱུང་བཅུ་བདུན་ཆུ་འབྲུག ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བརྩེ་གཟིགས་མཚུངས་པ་མེད་པས་ཆིབས་བསྒྱུར་བསྐྱངས་པ་མ་ཟད་ཞག་གཅིག་བཞུགས་ཏེ། ཟངས་མདོག་དཔལ་རིའི་སྨོན་ལམ་དང་ཤིས་ཚིག་རབ་གནས་བཅས་བཀྲ་ཤིས་པའི་མེ་ཏོག་འཐོར་བཞིན་དབུ་འབྱེད་གནང་ཐོག བཤད་གྲྭའི་མཁན་ཐོག་གཉིས་པ་ཁྲི་འདོན་དང་། མཐོ་སློབ་འཛིན་རིམ་བཞི་པའི་ཕྱག་ཁྱེར་མཐའ་བྲལ་སྨྲ་བའི་དབང་ཕྱུག མཐོ་སློབ་འཛིན་རིམ་དྲུག་པའི་ཕྱག་ཁྱེར་ཕར་ཕྱིན་རབ་འབྱམས། མཐོ་སློབ་འཛིན་རིམ་དགུ་པའི་ཕྱག་ཁྱེར་ངེས་གསང་ལེགས་བཤད་མཛོད་འཆང་། བསླབ་པ་མཐར་སོན་ཞིང་སྡེ་སྣོད་འཛིན་པ་མཁན་པོའི་ཕྱག་ཁྱེར་མདོ་རྒྱུད་ངེས་དོན་བསྟན་པའི་ཉིན་བྱེད་བཅས་ཀྱི་གཟེངས་བསྟོད་ཕྱག་ཁྱེར་དང་བཀའ་སློབ་ཟབ་རྒྱས་བསྩལ། གཞན་ཡང་རིས་མེད་བླ་ཆེན་རྣམ་པ་དང་ས་གནས་ཁག་གི་གནད་ཡོད་མི་སྣ་དུ་མ་དང་། ཉེ་འཁོར་བོད་མི། ཁུ་ནུ། གར་ཞཱ། སྤི་ཏི་སོགས་རྒྱ་གར་ཡུལ་མི། གཞན་ཡང་ཕྱི་རྒྱལ་ཁག་ནས་ཕེབས་པའི་དད་ལྡན་ཁྲི་ཕྲག་འདུས་པའི་དབུས་དཔལ་ལྡན་འབྲུག་ནས་ཕེབས་པའི་ཟློས་གར་ཚོགས་པས་གླུ་བྲོ་གར་གསུམ་དང་རོལ་དབྱངས་སྣ་ཚོགས་གཟིགས་འབུལ་གྱིས་རྟེན་འབྲེལ་མཛད་སྒོའི་དགའ་སྟོན་དགེ་ཞིང་བཀྲ་ཤིས་པའི་ངང་ལེགས་པར་གྲུབ་སྟེ། སྔ་དགོང་སྒྲོལ་ཆོག་དང་བསྐང་གསོལ། ཚེས་བཅུ་ཉེར་ལྔར་བླ་མ་རིག་འཛིན་འདུས་པ་དང་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད།
གསོན་གཤིན་གྱི་རིམ་གྲོ་དང་བསྔོ་སྨོན་ཆག་མེད་གནང་མཁན་བླ་མ་དང་རྒྱུན་གྲྭ། གཞན་ཡང་བཤད་གྲྭའི་མཁན་སློབ་རྣམས་ཀྱིས་འཆད་འཁྲིད་དང་སློབ་སྟོན་འོག་ལོ་ལྟར་སྔོན་འགྲོ་སློབ་གྲྭའི་འཛིན་རིམ་བརྒྱད་པ་མཐར་སོན་པ་རྣམས་ནས་སྔོན་འགྲོ་འབུམ་ལྔ་བསག་སྦྱོང་གི་རྣམ་དཀར་ལ་བརྩོན་བཞིན་པའོ།། །།