བོད་རི་མགོ་དགོན།

In Tibet Monastery (12)བོད་རི་དགོན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་ནི་སྔ་འགྱུར་རྙིང་མའི་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་དང་པོ་༸རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་ཤེས་རབ་རྣམ་གསུམ་གྱི་ཡ་གྱལ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ་རཏྣ་ཤེས་རབ་ཆོས་དབང་མཆོག་གིས་རབ་བྱུང་ ༡༡ ས་སྤྲེལ། ཕྱི་ལོ་ ༡༦༦༨ ལོར་ཁྲལ་ཚོ་འབྲི་ཤི་མགོར་དགོན་སྡེ་ཐོག་མར་ཕྱག་བཏབ་སྟེ་དགེ་འདུན་གྱི་སྡེ་བཙུགས། དེ་རྗེས་འབྲུག་པ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་རྒྱལ་བ་མདོ་ཁམས་པ་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་མཆོག་གི་ཐུགས་སྲས་སངས་རྒྱས་བསྟན་འཛིན་མཆོག་བླ་མའི་ལུང་བཞིན་བོད་མདོ་ཁམས་སྡེ་དགེ་ས་སྐྱོང་ཆོས་རྒྱལ་ཆེན་པོའི་ལྷ་འབངས་སུ་གཏོགས་པའི་ལྷོ་བོ་ལུང་གི་སའི་ཆར་ཕེབས་ཏེ༑ སྤྱན་རས་གཟིགས་དང་། རྗེ་བཙུན་སྒྲོལ་མ། ཨོ་རྒྱན་ཆེན་པོ་སོགས་ཀྱི་བྱིན་གྱིས་བརླབས་པའི་གནས་རི་བོ་གླང་ཆེན་འགྱིང་བ་ལ་ནོར་བུའི་ཏོག་གིས་བརྒྱན་པ་ལྟ་བུའི་དབེན་བྲག་རྡོ་རྗེའི་རྫོང་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་དགོན་སྡེ་གསར་དུ་ཕྱག་བཏབ།

In Tibet Monastery (14)སློབ་མའི་གཙོ་བོ་འཕགས་པའི་གནས་བརྟན་ལྔ་ཡི་སྤྲུལ་པར་གྲགས་པའི་ཤར་གྱི་རྟོགས་ལྡན་མི་ལྔ་སོགས་རྫུ་འཕྲུལ་ལ་རང་དབང་ཐོབ་ཅིང་ནམ་མཁར་བྱ་ལྟར་ལྡིང་བ་གྲངས་མེད་བྱུང་། དེ་རྗེས་རཏྣ་སྐུ་ཆེན་གྱི་དུས་སུ་ཕན་ཚུན་གྲོས་མཐུན་གྱིས་རཏྣ་དགོན་པ་གདན་ས་འདིར་གནས་སྤོས་སྟེ་མཉམ་དུ་བསྡོམས་པས་དགེ་འདུན་གྱི་སྡེ་འཕེལ་རྒྱས་ཆེར་བྱུང་བ་མ་ཟད། བསམ་བཞིན་སྲིད་པར་བཟུང་བའི་རཏྣ་སྤྲུལ་སྐུ་ན་རིམ་དང་། བྱ་སྤྲུལ་སྐུ། ཨ་མཆོད་སྤྲུལ་སྐུ་སོགས་སྐྱེས་ཆེན་སྤྲུལ་པའི་སྐུ་དུ་མ་དང་། གཞུང་ལུགས་རབ་འབྱམས་ལ་མཁྱེན་དཔྱོད་ཀྱི་བློ་གྲོས་རབ་ཏུ་རྒྱས་པའི་མཁན་པོ་ཀུན་བཟང་བློ་ལྡན་དང་། མཁན་པོ་ཀརྨ་བློ་གྲོས། མཁན་པོ་ཨ་ཀུན་སོགས་མཁན་སློབ་དགེ་བའི་བཤེས་གཉེན། བསྐྱེད་རྫོགས་ལ་བརྟན་པ་ཐོབ་ཅིང་ལྷ་སྲིན་བྲན་དུ་བཀོལ་བ་སོགས་རྫུ་འཕྲུལ་གྱི་ནུས་པ་འགྲན་ཟླ་དང་བྲལ་བ་བླ་མ་ཚེ་རིང་འབུམ་དང་། ངག་དབང་ཡོན་ཏན་རྒྱ་མཚོ། ཡེ་ཤེས་ལྷ་རྒྱལ། པད་ཆུང། བསམ་གཏན་ཆོས་གྲགས། འཕེལ་རྒྱལ་སོགས་རྡོ་རྗེ་སློབ་དཔོན། ཚེ་འདིའི་བྱ་བཞག་རྒྱབ་ཏུ་དོར་ནས་མི་ཚེ་སྒྲུབ་པ་ལ་གཞོལ་ཏེ་སྐྱེ་འཆི་ལ་རང་དབང་ཐོབ་པའི་བྱ་བཏང་བ་གསེར་པ་བྱ་བྲལ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གྲངས་མེད་བྱོན་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་།

In Tibet Monastery (5) དེ་རྗེས་དུས་འགྱུར་སྐབས་བོད་ཁམས་སྤྱི་མཚུངས་བཞིན་རྟེན་དང་བརྟེན་པ་བཅས་པ་མིང་གི་ལྷག་མ་ཙམ་དུ་གྱུར་ཀྱང་བསྟན་པ་སླར་གསོའི་སྐབས། ཤར་རྒྱལ་བ་ཀཿཐོག་པའི་བསྟན་པའི་མངའ་བདག་༸སྐྱབས་རྗེ་འཇམ་དབྱངས་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་སྐུ་ངལ་ཚད་མེད་པས་གཟིགས་སྐྱོང་རྒྱ་ཆེར་གནང་ཞིང་བསྟན་པའི་མེ་རོ་སླར་གསོ་གནང་བའི་ཐོག ༸རི་སྤྲུལ་རིན་པོ་ཆེ་བསོད་ནམས་བསྟན་འཛིན་མཆོག་འཕགས་ཡུལ་ནས་ལན་གསུམ་ཆེད་དུ་ཕེབས་ཏེ་དཔལ་འབྱོར་གྱི་རོགས་རམ་རྒྱ་ཆེར་གནང་བའི་བཀའ་དྲིན་དང་། རཏྣ་སྤྲུལ་སྐུ་དཔལ་འབྱོར་མཆོག་དང་མཁན་དཔལ་དགའ་གཉིས་ཀྱིས་ཕྱག་ལས་ཀྱི་ཐུགས་འགན་བཞེས་ཤིང། རི་སྤྲུལ་ཀུན་བཟང་བསྟན་འཛིན་སོགས་མཁན་སློབ་བླ་གྲྭ་རྣམས་ཀྱིས་འབད་བརྩོན་གནང་སྟེ་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང། དེང་སྐབས་ཀཿཐོག་འཇམ་དབྱངས་སྤྲུལ་སྐུ་དང་། རི་སྤྲུལ་དཔལ་འབྱོར་རྣམ་གཉིས་ཀྱི་བརྩེ་གཟིགས་འོག་ལོ་གསར་ཚེས་ ༡ ཉིན་བཀྲ་ཤིས་བརྒྱད་པས་དབུ་འཛུགས་ཀྱིས་དཔལ་ཡུལ་བསང་ཆེན་གསུང་ནས་བཀྲ་ཤིས་ཁ་གཡང་གིས་ལོ་གསར་པ་ལ་རྟེན་འབྲེལ་ཞུ་བ་དང་༑ འབུམ་འགྱུར་ཟླ་བའི་ནང་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་དང་པོ་༸རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་འདས་མཆོད་ཞི་ཁྲོའི་གནས་སྟོང་ཉིན་བཅུ་དང་། སྦྱིན་བདག་ཁག་གི་རྟེན་རྩ་དང་འབྲེལ་བའི་ཚོགས་པ་ཁག་འཚོགས་རྒྱུ། བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསང་། བོད་ཟླ་ ༩ པའི་ནང་རྡོར་སེམས་སྒྲུབ་མཆོད་ཉིན་བཅུ་སྟོང་དབང་དང་བཅས་པ། བོད་ཟླ་ ༡༡ ནང་སིདྡྷི་དུང་སྒྲུབ་དང། དགུ་ཆུང་རཏ་གླིང་ཕུར་པ་ཉིན་གསུམ། དགུ་ཆེན་ལ་གུ་དྲག་ཉིན་བདུན་འཚོགས་བཞིན་ཡོད་པ་མ་ཟད། ཀཿཐོག དཔལ་ཡུལ།
འཇོ་ཕུ། རྫོང་སར་བཤད་གྲྭ་སོགས་ནས་བསླབ་པ་མཐར་སོན་པའི་མཁན་སློབ་ཉི་ཤུ་རྩ་གྲངས་དང་། ཀཿདཔལ་གཉིས་ནས་ཐོན་པའི་བླ་མ་རྡོར་སློབ་དུ་མ། གཞན་ཡང་གསེར་རྟ་བླ་མ་རུང་། ཡ་ཆེན་ཆོས་སྒར་ཆེན་མོ་སོགས་ནས་ཐོས་བསམ་སྒོམ་སྒྲུབ་ལ་བརྩོན་བཞིན་པའི་དགེ་འདུན་པ་རྣམས་ཀྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའོ། །