བཤད་གྲྭ།

ཐོག་མར་ཇི་ལྟར་དབུ་བརྙེས་པའི་ཚུལ།
༸རི་མགོ་སྤྲུལ་སྐུ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་སྔ་འགྱུར་ཀུན་མཁྱེན་རྣམ་བཞིའི་ཐུན་མིན་ལྟ་གྲུབ་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་དུ་སྤེལ་བ་ལ་ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་དབབ། སྒོམ་པས་ཉམས་སུ་བླངས་ཏེ་རང་དོན་དུ་མཁྱེན་གཉིས་ཡེ་ཤེས་མངོན་དུ་བྱེད་པ་དང་། གཞན་དོན་དུ་གདུལ་བྱའི་མོས་བློ་དང་འཚམ་པར་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་འཆད་ཉན་གྱི་སྒོ་ནས་སྐལ་ལྡན་རྣམས་རྗེས་སུ་བཟུང་སྟེ་གཏན་བདེའི་ས་ལ་འགོད་པའི་དགོངས་བཞེད་ཟབ་མོ་ཡོད་ཐོག ༸སྐྱབས་རྗེ་བདེ་བར་གཤེགས་པ་བཀའ་དྲིན་མཚུངས་མེད་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བསྟན་འགྲོའི་དོན་དུ་བཤད་གྲྭ་ཞིག་འཛུགས་དགོས་ཤིང་། དགེ་རྒན་གྱི་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་ཀྱི་བཀས་བསྐུལ་བར་བརྟེན། རིན་པོ་ཆེ་མཆོག་ནས་སྐུ་ངལ་དུ་མ་ལྷུར་ལེན་གྱིས། བོད་རབ་བྱུང་བཅུ་བདུན་ལྕགས་ལུག ཕྱི་ལོ་ ༡༩༩༡ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་མདོ་སྔགས་རབ་འབྱམས་ཀྱི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་མཁྱེན་དཔྱོད་ཀྱི་རྦ་རླབས་རབ་ཏུ་གཡོ་བའི་མཁན་པོ་བསྟན་འཛིན་ནོར་རྒྱས་མཆོག་ཆེད་དུ་གདན་ཞུས་གནང་སྟེ། སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ་འདི་ཉིད་གསར་འཛུགས་གནང་ཞིང་འཆད་ཉན་གྱི་རྒྱུན་བཙུགས།

དེ་ནས་རིམ་བཞིན་ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་པོོ་ཚེ་དབང་བསོད་ནམས་དང་། མཁན་པོ་སངས་རྒྱས་དབང་འདུས། མཁན་པོ་རྟ་མགྲིན་སྲིད་ཐུབ་སོགས་ནས་ཕྱི་ལོ་ ༢༠༡༥ ལོའི་མཁན་པོ་བློ་གྲོས་ཆོས་དབྱིངས་བར་མཁས་བཙུན་བཟང་གསུམ་གྱིས་བརྒྱན་པའི་མཁན་པོ་དང་སློབ་དཔོན་རྣམས་ལོ་ལྟར་ཆེད་ཕེབས་ཀྱིས། སྤྱིར་བཤད་གྲྭའི་ལོ་རིམ་དང་པོ་ནས་དགུ་པའི་བར་གཏན་འབེབས་བྱུང་བའི་སྐབས་ཐོབ་ཀྱི་སློབ་ཚན་རྣམས་ལ་འཆད་ཉན་རྒྱ་ཆེར་གནང་བའི་ཐོག ཁྱད་པར་སྔ་འགྱུར་ཐུན་མིན་གྱི་ལྟ་གྲུབ་ཁས་ལེན། མན་ངག་གི་ཟབ་ཁྱད། ཉམས་མྱོང་གི་སྨིན་ཁྲིད་བཅས་ལ་གསན་སྦྱོང་བྱེད་མཁན་སུ་ལ་ཡང་། མཐུན་རྐྱེན་འཛོམས་ལ་དཀའ་ངལ་ཆུང་བ། དུས་ཡུན་ཐུང་ངུའི་ནང་ཤེས་ཚད་མཐོན་པོར་སླེབས་པའི་བཤད་གྲྭ་འདིར་ཐོས་པ་འདོད་པ་ལ་རིགས་པའི་རྒྱ་མཚོ། བསམ་པར་འདོད་པ་ལ་སེམས་ཀྱི་གྲུ་གཟིངས། སྒོམ་པར་འདོད་པ་ལ་མན་ངག་གི་ནོར་བུ། དཔྱད་པར་འདོད་པ་རྣམས་ལ་དྭངས་ཤེལ་གྱི་མེ་ལོང་ལྟ་བུའི་སློབ་ཚན་གྱི་རིམ་པ་དང་།  མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱི་ཤེས་རབ་མཐའ་མེད་དུ་རྒྱས་པའི་ཆ་རྐྱེན་རྩ་ཁྲིམས་ཀྱི་རིམ་པ་ རྣམས་ཀྱང་ཐེག་མཆོག་རྣམ་གྲོལ་གླིང་གི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་གཅིག་མཚུངས་སུ་གཏན་འབེབས་གནང་བ་རྣམས་ལ་ཚུལ་བཞིན་དུ་ཕྱག་བསྟར་གནང་བཞིན་པ་ལགས་སོ།། །།