དགོན་པ་སྤྱིའི་ལོ་རྒྱུས་སྙིང་བསྡུས།

འཕགས་ཡུལ་རི་དགོན་སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་ནི། བོད་རབ་བྱུང་བཅུ་དྲུག་ས་སྤྲེལ། ཕྱི་ལོ་ ༡༩༦༨ ལོར་༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེའི་བཀའ་བཞིན་༸རི་སྤྲུལ་རིན་པོ་ཆེ་མཆོག་དང་། མཁན་པོ་པདྨ་རབ་རྒྱས་རྣམ་གཉིས་ཀྱིས་འོག་གི་དགོན་རྙིང་ཕྱག་བཏབ། དེ་རྗེས་༸རི་སྤྲུལ་རིན་པོ་ཆེས་ད་ལྟ་དགོན་པ་ཆགས་ས་འདི་ཉོས་ནས་ཕྱི་ལོ་ ༡༩༨༠ ལོར་དབུ་འཛུགས་ཀྱིས་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་གནང་། རིམ་བཞིན་བོད་དང། རྒྱ་གར། འབྲུག བལ་ཡུལ་སོགས་ནས་ཕེབས་པའི་སློབ་ཚོགས་འཕེལ་ཏེ་ཕྱི་ལོ་ ༢༠༡༥ ལོར་དགེ་འདུན་པ་ཞལ་གྲངས་སུམ་བརྒྱར་ཉེ་བ་རྒྱུན་བཞུགས་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་བརྩོན་བཞིན་པ་དང་། དགོན་འདིའི་ཁོངས་གཏོགས་གྲྭ་ཚང་། བཤད་གྲྭ། སློབ་གྲྭ། མཚོ་པདྨའི་ཟངས་མདོག་དཔལ་རི་དགོན་པ་དང་སྒྲུབ་གྲྭ་སོགས་ཡོད་པ་རྣམས་ཉེ་བའི་རིགས་བདག་མཆོག་གི་ལམ་སྟོན་འོག ཁུངས་སོ་སོའི་རྒྱུན་ལས་འགན་འཛིན་དང་། དབུས་རྒྱུན་སོགས་ཀྱིས་འཛིན་སྐྱོང་གནང་ཞིང་རྩིས་ཞིབ་ཚོགས་པས་ཟླ་རེར་རྩིས་ཞིབ་གནང་སྟེ་ལོ་མཇུག་མཐའ་བསྡོམས་ཀྱི་རྩིས་ཁྲ་ཚོགས་མང་ལ་སྙན་སྒྲོན་ཞུ་བཞིན་པ་བཅས་སོ། །