༧རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ།

Sonam Tenzin Rinpoche (5)དེའང་དམ་པ་འདི་ཉིད་གནས་ཚུལ་དོན་དམ་པར་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་དང་རྣམ་དབྱེར་མེད་ཅིང་ཆོས་ཀྱི་སྐུ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ཁྱད་ཆོས་དྲུག་གི་ངོ་བོར་བྱང་ཆུབ་ཟིན་ཀྱང་། སྣང་ཚུལ་ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་ཟབ་མོས་སྲིད་པའི་གཅོང་རོང་ཡ་ང་བའི་འགྲོ་བ་རྣམས་ཀྱི་སྐྱབས་སུ་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་གང་འདུལ་གྱི་རྣམ་པར་རོལ་པ་ཕྱི་གསལ་གྱི་ཚུལ་དུ་བཻཌཱུརྱའི་ས་གཞི་གཙང་མར་བརྒྱ་བྱིན་གྱི་གཟུགས་བརྙན་སྣ་ཚོགས་པ་སྣང་བ་ལྟར་སྤྲུལ་པའི་རྣམ་རོལ་ཇི་སྙེད་ཅིག་བྱོན་པ་ཚད་མེད་ནའང་། སྣང་ཚུལ་ཕྱོགས་གཅིག་པའི་དབང་དུ་བྱས་ན་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཀློང་དུ་གྱུར་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་རྟོགས་ལྡན་གྱི་རྣལ་འབྱོར་པ་ངག་དབང་ཡོན་ཏན་རྒྱ་མཚོ་མཆོག་ནི། རྫོགས་ཆེན་བསྟན་པའི་མངའ་བདག་པཎ་ཆེན་དྲི་མེད་བཤེས་གཉེན་མི་ཡི་ཟོལ་གྱིས་ཕེབས་པ་ཀུན་མཁྱེན་ངག་གི་དབང་པོ་དང་། གྲུབ་དབང་དཔལ་ཆེན་འདུས་པ་རྣམ་གཉིས་ཀྱིས་གཙོས་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་ཡུན་དུ་བསྙེན་ཏེ་གཞི་ཚུལ་ཁྲིམས་རྣམ་པར་དག་པས་རྒྱུད་ཕྱུག་ཅིང་། དཔལ་ཡུལ་སྒྲུབ་ཁང་དུ་ལོ་གསུམ་ཟབ་མོའི་བཅད་རྒྱར་བཞུགས་ཏེ། ལམ་བསྐྱེད་རྫོགས་ཀྱི་ཉམས་ལེན་གནད་དུ་བསྣུན་ཅིང་ཡི་དམ་མང་པོའི་བསྙེན་སྒྲུབ་རྟགས་ཐོན་པར་གནང་བས་འབྲས་བུ་ས་ལམ་གྱི་དྲོད་རྟགས་མངོན་དུ་གྱུར། རང་ཡུལ་གྱི་དགོན་པར་ཕེབས་ནས་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད་ཅིང་ཆོས་བརྒྱད་ཀྱི་སྤྲོས་པ་རིང་དུ་དོར་ནས་མི་ཚེ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས། ཡི་དམ་མང་པོས་ཞལ་གཟིགས་ཤིང་སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་འབྱམས་སུ་ཀླས། འབྱུང་འགྱུར་བསྟན་དང་འགྲོ་བའི་འཕེལ་འགྲིབ་ཐམས་ཅད་སྒྲིབ་མེད་དུ་གསལ་བར་གཟིགས་ཤིང་ལུང་བསྟན་པ་དང་། རང་གནས་གཞིའི་གནས་ལུགས་མངོན་དུ་གྱུར་ཏེ། ཆགས་སྡང་རེ་དོགས་ཀྱི་མཚན་མ་དབྱིངས་སུ་ཞི་བའི་རི་མགོ་དགོན་པའི་རྡོ་རྗེ་སློབ་དཔོན་ངེས་དོན་གྱི་རྣལ་འབྱོར་པ་ཆེན་པོ་དེ་ཉིད་ཀྱི་ཡང་སྤྲུལ་ཉིན་བྱེད་དབང་པོ་སླར་ཡང་བསྟན་དང་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པར་བཟུང་ཞིང་། དགེ་བའི་བཤེས་གཉེན་ངུར་སྨྲིག་འཛིན་པའི་རྣམ་པར་བྱོན་པ་༸རི་སྤྲུལ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་ནི། དེ་ཡང་མདོ་ལས། མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པ་འཇིག་པར་འགྱུར་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། ཞེས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པའི་དམ་པ་དུ་མ་ཞིག་འབྱུང་བར་ལུང་བསྟན་པ་ལྟར། འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ལྷ་འབངས་ཉག་ཤིས་ལྷོ་བོ་ལུང་གི་ནང་ཚན་གསེར་ཧབ་གྲོང་དུ། ཧབ་གསོ་ཚང་ཞེས་ཡ་རབས་གཤིས་བཟང་དང་། དཔའ་མཛངས་བརྟུལ་ཕོད་ཅན་གྱི་རིགས་རྒྱུད་མ་ཉམས་ཤིང་དམ་པའི་སྐྱེས་བུ་མང་པོ་བརྒྱུད་མར་བྱོན་པའི་ལྷ་ཁྱིམ་དུ། ལུགས་གཉིས་ཀྱི་མཁྱེན་དཔྱོད་ཡངས་པའི་ཡབ་ཧབ་གསོ་བློ་གྲོས་ཡེ་ཤེས་དང་། ཡུམ་ཨ་ཉ་ཚང་གི་བུ་མོ་མཛངས་མའི་ཡོན་ཏན་དང་ལྡན་ཞིང་བུད་མེད་ཀྱི་སྐྱོན་དང་བྲལ་བ་སྤང་བླང་གི་གནས་ཀུན་མིག་འབྲས་ལྟར་སྲུང་ཞིང་དགེ་སེམས་དང་ལྡན་པ་པདྨ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི། ཕྱི་ལོ་ ༡༩༤༦ ལོར་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཁྱིམ་ཐམས་ཅད་འོད་དཀར་པོས་ཁྱབ་ཅིང་། ཆུ་ཟངས་འོ་མར་གྱུར་པ་དང་ནམ་མཁར་ཁ་དོག་ལྔ་ལྡན་གྱི་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་མཚན་དཔེའི་མེ་ཏོག་གསར་དུ་བཞད། སྐུ་ན་ཕྲ་བའི་དུས་ནས་ཐུགས་གཤིས་དང་ངང་ཚུལ་བཟང་ཞིང་དགེ་ལ་སྤྲོ་བ། འདོད་ཡོན་ལ་ཞེན་པ་ཆུང་ཞིང་སེམས་ཅན་ཕྲ་མོ་ཡན་ལ་ཕན་སེམས་ཆེ་བ། བརྩེ་བ་སྙིང་རྗེ་ཆེན་པོས་སེམས་ཅན་བསད་པའི་ཤ་ཁྲག་གི་དྲི་ཙམ་ཡང་མི་མཛའ་བའི་བྱང་སེམས་ལྷན་སྐྱེས་སུ་མངའ། ཡབ་དང་ཁུ་བོ་བླ་མ་དབང་བཀྲའི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་ལ་ཕེབས་སྐབས་༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་འཇམ་དཔལ་གྲུབ་པའི་བློ་གྲོས་མཆོག་གིས་དཔལ་ཡུལ་དགོན་དུ་ཆེད་ཕེབས་དགོས་པའི་བཀས་བསྐུལ་བ་བཞིན། ཡབ་དང་མཉམ་དུ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཕེབས་ཏེ་དཔལ་ཡུལ་གདན་རབས་བཅུ་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་ཀརྨ་ཐེག་མཆོག་སྙིང་པོའི་མདུན་གཙུག་ཕུད་ཕུལ། ༸རྗེ་དེ་ཉིད་ཀྱིས་རི་མགོ་དགོན་པའི་རྡོ་རྗེ་སློབ་དཔོན་ངག་དབང་ཡོན་ཏན་རྒྱ་མཚོའི་ཡང་སྲིད་འཁྲུལ་བྲལ་ཉིད་དུ་ངོས་འཛིན་གནང་སྟེ། མཚན་བསོད་ནམས་བསྟན་འཛིན་དཔལ་བཟང་པོ་ཞེས་གསོལ་ནས་དབུ་ཞྭ་པདྨ་མཐོང་གྲོལ་ཞིག་བསྩལ། དཔལ་ཡུལ་གདན་རབས་བཅུ་གཅིག་པ་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཚུངས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་མཆོག་གིས་སྐུ་ཆས་ན་བཟའ་གསོལ། ༸རྫོང་ནང་རིན་པོ་ཆེས་ཉིད་ཀྱི་ཕྱག་ཕྲེང་དང་། གསོལ་ཞལ། མགུལ་གབ་སོགས་དངོས་པོའི་འབུལ་ཚན་གྱ་ནོམ་པ་བཅས་དགོན་དེར་མངའ་གསོལ་གྱི་རྟེན་འབྲེལ་མཛད། ༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེས་ཐུགས་བརྩེ་ཆེན་པོས་རྫོང་ནང་བླ་བྲང་གི་གཟིམ་སྐྱིལ་དུ་ཟླ་བ་གཅིག་ལྷག་ཉར་ཞིང་། མཆོག་སྤྲུལ་རྣམས་ཀྱི་མདུན་ནས་སྐྱབས་སྡོམ་དང་བྱང་ཆུབ་སེམས་དཔའི་སྡོམ་པས་གཙོས་ཆོས་འབྲེལ་མང་པོ་གསན་བཞེས་གནང་། དེ་རྗེས་རིས་མེད་བསྟན་འགྲོའི་དཔལ་མགོན་མཚུངས་མེད་༸སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གིས་རི་དགོན་བླ་མ་ངག་དབང་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེ་འཁྲུལ་མེད་ཡིན་ཞིང་བསྟན་འགྲོའི་དོན་རྒྱ་ཆེར་འགྲུབ་པའི་ལུང་བསྟན་གྱི་བཀའ་ཡིག་རྟགས་ཐམ་དང་བཅས་པ་བསྩལ། དགུང་གྲངས་བཅུ་གཅིག་ལ་སོན་སྐབས་རི་དགོན་བཤད་སྒྲུབ་མདོ་སྔགས་ཆོས་འཁོར་གླིང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོ་ག་ལ་བར་ཞབས་ཟུང་བཀྲ་ཤིས་པའི་རེ་ཁ་མངོན་པར་བཀོད་ཅིང་ཡུལ་སྡེ་ལྷ་མི་སེར་སྐྱ་ཡོངས་ཀྱི་དགའ་སྤྲོའི་པདྨོ་རབ་ཏུ་བཞད། དེ་སྐབས་སྐུ་གོང་མའི་ཕྱག་ཕྲེང་ཞིག་བསྣམས་ཡོད་པ་སར་ཟགས་པའི་ཚེ་མེ་སྟག་ཚྭ་ཚྭ་འཕྲོ་བ་ཀུན་གྱིས་མཐོང་བས་ཐམས་ཅད་ངོ་མཚར་ཞིང་ལོག་རྟོག་ཅན་དག་སོམ་ཉིའི་སྒྲོག་དང་བྲལ་ཏེ་ཡིད་ཆེས་པའི་གནས་སུ་བཀོད་ནས་དད་པའི་སོར་མོའི་འདབ་མ་དབང་མེད་དུ་ཟུམ་པར་མཛད། དེ་ནས་དགུང་གྲངས་བཅོ་ལྔར་བོད་མི་སྐྱེ་འགྲོ་ཡོངས་ཀྱི་དཀར་མིན་བྱས་བསགས་ངན་པའི་འབྲས་བུ་ཡོངས་སུ་སྨིན་པའི་རླུང་ནག་རབ་ཏུ་གཡོས་ཏེ་དུས་འགྱུར་གྱི་མེ་དཔུང་ཆེན་པོས་ཆོལ་གསུམ་ཆོས་ལྡན་གྱི་ཞིང་ཁམས་ཀུན་ཏུ་ཆོས་སྲིད་ཚང་ཚིང་མ་ལུས་རྨང་མེད་དུ་བསྲེག་པའི་སྐལ་ངན་ཐོག་ཏུ་བབ་ལ་ཉེ་བ་ན། ཡབ་གཞིས་དང་བོད་མི་སྟོང་ཕྲག་མང་པོ་བཅས་སྦས་ཡུལ་པདྨ་བཀོད་ཀྱི་ཕྱོགས་སུ་ཆིབས་ཞལ་བསྒྱུར། སྤོ་བོར་བཞུགས་སྐབས་རྫ་ཕུ་ལུང་སྤྲུལ་སྐུ་སངས་རྒྱས་རིན་པོ་ཆེའི་མདུན་ནས་ཀར་གླིང་ཞི་ཁྲོ་དང་། རཏ་གླིང་ཕུར་པ། གཅོད་དབང་བརྒྱ་རྩ་སོགས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ། རྒྱབ་རྟེན་གྱི་ལུང་སོགས་མང་དུ་གསན། བདུད་འདུལ་རྡོ་རྗེའི་གདུང་རྒྱུད་བླ་མ་པདྨ་རིག་འཛིན་གྱི་བཀའ་ལུང་བཞིན་ཟླ་བ་དྲུག་གི་རིང་བར་ཆད་ཀྱི་རྐྱེན་ངན་ཟློག་ཕྱིར་ཕུར་པའི་བསྙེན་མཚམས་རྟགས་ཐོན་པར་གནང་། དེ་ནས་སྤོ་བོ་དགུ་ལེའུ་ཐང་ལ་བཞུགས་སྐབས་ནུབ་གཅིག་ཡབ་ཀྱི་ཕྱག་ནས་བཟུང་སྟེ་དོ་དགོང་གནས་འདིར་མི་སྡོད་གཞན་དུ་འགྲོ་ཞེས་ཡང་ཡང་བསྐུལ་ནའང་སྔོན་ལས་བཙན་པོས་སམ་བར་ཆད་ཀྱི་དབང་གིས་ཡིད་རྟོན་མ་བྱས་པར་དེར་བསྡད་པས། མཚན་མོ་ནམ་གུང་དུས་སུ་རི་ཉིལ་བ་དང་ཆུ་ལོག་དྲག་པོས་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་བོད་མི་སྟོང་ཕྲག་ལྷག་ལ་གོད་ཆགས་ཆེན་པོ་བྱུང་ཞིང་ཡབ་ཆེན་དམ་པ་སྐུ་གཤེགས། རིན་པོ་ཆེ་མཆོག་ཀྱང་སའི་འོག་ཏུ་ཡུན་རིང་མནན་ཞིང་སྐུ་ཆས་ན་བཟའ་དང་། མགུལ་གབ་སོགས་ཚལ་པར་སོང་ནའང་སྐུ་ལུས་ལ་གནོད་སྐྱོན་ཏིལ་འབྲུ་ཙམ་ཡང་མ་བྱུང་བས་དེར་གནས་ཀུན་ངོ་མཚར་ཞིང་ཐམས་ཅད་དད་པའི་གནས་སུ་གྱུར་ཏེ་བསྙེན་བཀུར་ཚད་མེད་ཞུས་ཤིང་སྙན་གྲགས་ཕྱོགས་ཀུན་ཁྱབ་པར་གྱུར། དེ་ནི་རྒྱུད་བླ་མ་ལས། ཇི་ལྟར་པདྨོ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད། །དེ་བཞིན་འདིར་ཡང་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་ཆོས་མི་གོས། །ཞེས་དང་། མདོ་སྡེའི་རྒྱན་ལས། འབྱོར་པའི་དུས་དང་རྒུད་པའི་དུས་ན་ཡང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་གསུངས་པ་ལྟར་འཕྲལ་རྐྱེན་གྱི་གནོད་པས་རྡུལ་ཕྲན་ཕྲ་མོ་ཙམ་ཡང་མ་གོས་པའི་ཐོག དེའི་ཚེ་སྣང་གྲགས་ཐམས་ཅད་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ལྷ་སྔགས་ཏིང་ངེ་འཛིན་གྱི་གསལ་སྣང་དང་མ་བྲལ་བར་བརྟེན། ཕུར་མཚམས་དེའི་བྱིན་རླབས་ཡིན་པ་འདྲ་ཞེས་རྗེས་སུ་རིན་པོ་ཆེ་ཉིད་ཀྱིས་ཞལ་ནས་གསུངས། དེ་ནས་ལྷ་ལྡན་ཕྱོགས་སུ་ཕེབས་ནས་གདན་ས་ཆེན་མོ་གསུམ་དང་། བསམ་ཡས་སོགས་གནས་ཆེན་ཁག་ལ་མཇལ་བསྐོར་དང་རྟེན་གསུམ་མདུན་མཆོད་འབུལ་རྒྱ་ཆེར་གནང་ཞིང་། ཨོ་རྒྱན་མ་ཧཱ་གུ་རུ་སྙིགས་དུས་འགྲོ་བའི་མགོན་དུ་མིའི་ཤ་ཚུགས་འཛིན་པ་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསེར་ཞལ་ཐོག་མར་མཇལ་ཞིང་མཉེས་པ་གསུམ་གྱིས་ཡུན་དུ་བསྙེན་པར་བརྟེན་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་སྟེ། བདུད་འཇོམས་སྐུ་གོང་འོག་གི་གསུང་འབུམ་དང་། སྙིང་ཐིག་ཡ་བཞི་བཅས་ཀྱི་དབང་དང་གདམས་པ་མང་པོ་གནང་སྟེ་ནང་ཐུགས་ཀྱི་སྲས་སུ་གྱུར། རྗེས་སུ་འཕགས་ཡུལ་དུ་ཕེབས་རྗེས་རིན་ཆེན་གཏེར་མཛོད་ཆེན་མོ་དང་། སྔ་འགྱུར་བཀའ་མའི་དབང་ལུང་དང་རྙིང་མ་རྒྱུད་འབུམ་ཡོངས་རྫོགས་ནོད་པའི་སྐལ་བཟང་ཡང་ཐོབ། དགུང་གྲངས་བཅོ་བརྒྱད་ཐོག་ཨ་སམ་ཊུ་ཊིང་བརྒྱུད་འཕགས་ཡུལ་དུ་བདེ་འབྱོར་བྱུང་སྟེ་རིམ་པས་འབོང་ལྡིས་ལར་ལོ་གཉིས་ཙམ་བཞུགས་ཤིང་མོན་རུ་པ་ཞེས་པའི་མཐའ་འཁོབ་དམ་ཆོས་ཀྱི་མིང་ཙམ་ཡང་མི་གྲགས་པའི་ལུང་པ་དེར་སྤང་བླང་དགེ་སྡིག་གི་རྣམ་བཞག་ཚུལ་བཞིན་བསྟན་ནས་ཆོས་ཀྱི་སྒོ་ཐོག་མར་ཕྱེས་ཏེ་རྣམ་དཀར་ལེགས་ཚོགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་མཛད། དེ་ནས་རྒྱ་གར་བྱང་ཕྱོགས་མ་ནཱ་ལཱིར་ཕེབས་ཏེ་ལོ་གཉིས་བཞུགས་རྗེས་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོས་རྫུ་འཕྲུལ་གྱི་བཀོད་པས་མེ་དཔུང་མཚོ་རུ་བསྒྱུར་བའི་གནས་མཆོག་མཚོ་པདྨར་༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེས་སྤྲུལ་སྐུའི་སློབ་གྲྭ་ཞིག་གསར་འཛུགས་གནང་སར་ཆེད་ཕེབས་དགོས་པའི་བཀའ་མངགས་བཞིན་དེར་ཕེབས་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད། རྩིས་དཀར་ནག་སོགས་ཐུན་མོང་གི་རིག་གནས་དག་ལ་སྦྱོང་བརྩོན་གནང་། དེ་རྗེས་འཕགས་ཡུལ་བྱང་ཕྱོགས་རྡེ་ར་རྡུན་ཀ་ལ་མན་ཊོན་དུ་ཕེབས་ཏེ་མཁན་རིན་པོ་ཆེ་བརྩོན་འགྲུས་ཀྱི་མདུན་ནས་ལོ་གསུམ་རིང་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་གནང་། སྐབས་དེར་གཞིས་ལུས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཕལ་ཆེར་རྐྱེན་ངན་གྱིས་དགོངས་པ་གཞན་དོན་དུ་གཏད་པ་དང་། ལ་ལ་མ་རུང་གདུག་པའི་ཁྲི་མུན་དུ་ཚུད་པ་སོགས་སངས་རྒྱས་ཀྱི་བསྟན་པ་མེ་ཤི་བའི་དུ་བ་ཙམ་དུ་གྱུར་པ་དང་། དུས་ངན་སྙིགས་མ་ལྔ་བདོ་བའི་རང་མདངས་མངོན་དུ་གྱུར་པའི་དུས་སུ། རིན་པོ་ཆེ་མཆོག་ནི་ཆོ་འཕྲུལ་ཆེན་པོའི་མདོ་ལས། སྨད་པར་བྱ་བའི་ཁྱིམ་ལ་བརྟེན་ན་དེས། །བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ། །ཁྱིམ་གྱིས་སྐྲག་ཏེ་ཁྱིམ་ནས་མངོན་བྱུང་བ། །བླ་མེད་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་དང་། སྐྱེས་རབས་ལས། གལ་ཏེ་ཆོས་སྤྱོད་ཁྱིམ་པའི་སོ་ནམ་འཆོར། །ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །དེ་བས་ཆོས་དང་འགལ་བས་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། ། ཞེས་གསུངས་པ་བཞིན་དམ་པ་འདིས་ཀྱང་ཁྱིམ་ནས་ཁྱིམ་མེད་པར་ངེས་པར་འབྱུང་བའི་བསམ་པས་སྔ་འགྱུར་བསྟན་པའི་གསལ་བྱེད༸སྐྱབས་རྗེ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེས་དབུས་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ནས་ཚིགས་སྔ་མ་དགེ་ཚུལ་དང་། དེ་རྗེས་འདུལ་འཛིན་ཀུན་གྱི་རྒྱལ་པོ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ལས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་དངོས་པོ་བཞེས་ཏེ་མཚན་ཐུབ་བསྟན་གཞན་ཕན་བཟང་པོ་ཞེས་གསོལ། དམ་ཆོས་འདུལ་བའི་དགག་སྒྲུབ་ཀྱི་བསླབ་བྱ་མཐའ་དག་མིག་འབྲས་བཞིན་བསྲུངས་ནས་ཉེས་ལྟུང་ཕྲ་མོ་ཙམ་ལ་ཡང་ཁྱད་དུ་མི་གསོད་པའི་མཛད་པ་བཟང་པོ་ཀུན་གྱི་མཐུན་སྣང་དུ་གསལ་བ་མ་ཟད༑ འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཀྱང་སྔ་ཕྱི་ལན་གྲངས་དུ་མར་འདུས་ཚོགས་ཁྲི་ཕྲག་གི་དབུས་སུ་བསྔགས་བརྗོད་ཀྱི་མེ་ཏོག་མངོན་པར་འཐོར། ཀ་ལ་མན་ཊོན་དུ་༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་དང་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་རྣམ་གཉིས་ནས་ངེས་དོན་དགའ་ཚལ་གླིང་གསར་བཞེངས་སྐབས་མི་ལོ་བཅུ་ལྷག་རིང་ལྷག་བསམ་རྣམ་པར་དག་པས་བསྟན་དང་འགྲོ་བར་སྨན་པའི་ཕྱག་རོགས་རྒྱ་ཆེར་གནང་། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོའི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ལན་གཉིས། རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་གྱི་ཆོས་སྡེ་ཉེར་ལྔའི་དབང་སོགས་དབང་དང་གདམས་པ་གྲངས་མེད་དང་། སྲོལ་གཉིས་ཀྱི་བྱང་ཆུབ་སེམས་དཔའི་སྡོམ་པ་སོགས་གསན་བཞེས་གནང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་དང་། ཚིག་གསུམ་གནད་བརྡེག། ཨ་ཏི་ཟབ་དོན་སྙིང་པོའི་ཟབ་ཁྲིད་སོགས་གསན། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་མདུན་ནས་གནམ་ཆོས་དང་རཏྣའི་ཆོས་སྐོར་གྱི་དབང་ལུང་ལན་གཉིས་དང་། གནམ་ཆོས་སྔོན་རྩ་རྫོགས་གསུམ་གྱི་ཁྲིད་སོགས་དབང་ལུང་མན་ངག་རྒྱ་ཆེར་གསན་བཞེས་གནང་། ༸སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མདུན་ནས་ལས་གླིང་ཕུར་པའི་དབང་དང་། འཕོ་ལུང་། ཚེ་དབང་བཅས་ནོད། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་ལུང་དང་། ཉི་གྲགས་རྩ་གསུམ། སྙིང་ཐིག་ཡུམ་ཀ། དཔལ་ཆེན་འདུས་པ། རྟ་ཁྱུང་འབར་བ་སོགས་ཀྱི་དབང་དང་། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་མདུན་ནས་བཀའ་བརྒྱད་ཀྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་བཤེས་གཉེན་དག་ལས་དབང་དང་གདམས་པ་གྲངས་མེད་གསན་བཞེས་གནང་། དེ་ནས་འཕགས་ཡུལ་བྱང་ཕྱོགས་སྦིར་ས་གནས་གཞིས་ཆགས་ཀྱི་དབུ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་མཆོག་གིས་གཙོས་མི་མང་ཡོངས་ནས་༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་མཆོག་ལ་ང་ཚོའི་གཞིས་ཁོངས་སུ་སྔ་འགྱུར་རྙིང་མའི་དགོན་སྡེ་ཞིག་གསར་བཞེངས་གནང་མཛོད་དང་། ས་གཞིའི་མཐུན་རྐྱེན་ང་ཚོས་འབུལ་ཆོག་ཅེས་རེ་སྐུལ་ཡང་ཡང་ཞུས་པར་བརྟེན། ཕྱི་ལོ་ ༡༩༦༨ ལོར་༸རྫོང་ནང་རིན་པོ་ཆེས་༸རི་སྤྲུལ་རིན་པོ་ཆེ་མཆོག་དང་། སྔ་འགྱུར་བསྟན་པ་ལ་ལྷག་བསམ་དང་ཐུགས་སྟོབས་མཆོག་ཏུ་མངའ་བའི་མཁན་རིན་པོ་ཆེ་པདྨ་རབ་རྒྱས་རྣམ་གཉིས་ཆེད་མངགས་གནང་ཞིང་། ཕྱི་ལོ་ ༡༩༦༩ ལོར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཨོ་རྒྱན་མ་ཧཱ་གུ་རུས་རྫུ་འཕྲུལ་གྱི་བཀོད་པས་མེ་དཔུང་མཚོ་རུ་བསྒྱུར་བའི་གནས་མཆོག་ཟ་ཧོར་མཚོ་པདྨའི་འདབས་རོལ་ཡུལ་ཆེན་ཉེར་བཞིའི་ནང་ཚན་གནས་ཆེན་ཛ་ལན་དྷ་རའི་ཉེ་འགྲམ། སྦིར་ནགས་ཀྱི་དབེན་གནས་སུ་ཆོས་གཞི་གསར་དུ་བཙུགས་པའི་ཚེ་༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེས་འགྲོ་བའི་བསོད་ནམས་གསོག་པའི་རྟེན་ཚོགས་ཁང་ཆུང་ངུ་ཞིག་དང་། དུང་འཁོར་གཅིག རུང་ཁང་བཅས་གསར་བཞེངས་ཀྱི་ཕྱག་རོགས་གནང་། དེ་ནས་༸རི་སྤྲུལ་རིན་པོ་ཆེ་དང། མཁན་རིན་པོ་ཆེ་པདྨ་རབ་རྒྱས་རྣམ་གཉིས་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྙིང་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་དབང་གཞུའི་རི་མོ་བཞིན་དུ་ཡལ་ལ་ཉེ་བར་ཕངས་ནས་ཐུགས་བསྐྱེད་དམ་བཅའ་བཙན་པོའི་གོ་ཆ་བགོས་ཏེ། ས་ཕྱོགས་གང་སར་ཞལ་འདེབས་སློང་བ་སོགས་སྐུ་ངལ་དུ་མ་བདག་གིར་བཞེས་ནས། གྲྭ་ཤག་བཅུ་གཅིག་གྲུབ་ཙམ་བྱུང་ཞིང་ལོ་ལྟར་ངེས་དོན་དགའ་ཚལ་གླིང་ནས་དགེ་འདུན་པ་དུ་མ་ཆེད་ཞུས་ཀྱིས་དབྱར་སྔ་མ་ཟླ་བ་གསུམ་གནས་པའི་རྒྱུན་བཟང་བཙུགས། ཕྱི་ལོ་ ༡༩༧༢ ལོར་མཁན་རིན་པོ་ཆེ་དགུང་ལོ་མཐོ་བ་དང་། ༸རྫོང་ནང་རིན་པོ་ཆེས་ངེས་དོན་དགའ་ཚལ་གླིང་གསར་བཞེངས་ཀྱི་ཐུགས་བྲེལ་ཆེ་བས་གཟིགས་ཁོམ་མེད་པར་བརྟེན་༸རི་སྤྲུལ་རིན་པོ་ཆེ་དགོན་འདིའི་བསྟན་པའི་བདག་པོར་མངའ་གསོལ་གནང་སྟེ་འགན་ཆ་ཚང་རྩིས་སྤྲོད་མཛད་ཅིང་བསྟན་དང་འགྲོ་བའི་དོན་ལ་ཐུགས་བསྐྱེད་རྒྱ་མི་ཆུང་བ་གནང་དགོས་ཚུལ་གྱི་བཀའ་ཕེབས་པ་བཞིན། ༸རི་སྤྲུལ་རིན་པོ་ཆེ་མཆོག་ནས་ཐོག་མར་གྲུམ་འཐག་བཟོ་གྲྭ་ཞིག་གསར་འཛུགས་གནང་ནས་དེའི་ཡོང་འབབ་དང་། རྒྱལ་བའི་བསྟན་པ་ལ་གཅིག་ཏུ་སེམས་པའི་རྩེ་སྤྲུལ་པདྨ་དབང་རྒྱལ་རིན་པོ་ཆེ་མཆོག་གི་རོགས་རམ་སོགས་ལ་བརྟེན་ནས་ད་ལྟའི་དགོན་པ་ཆགས་སའི་ས་གཞི་འདི་གཟིགས་ཏེ། ཕྱི་ལོ་ ༡༩༨༠ ལོར་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་རྣམ་གཉིས་གདན་དྲངས་ཏེ་ས་འདུལ་མཛད་པ་དང་གཙུག་ལག་ཁང་གི་རྨང་བཏིངས། ༸སྐྱབས་རྗེ་དར་ཐང་རིན་པོ་ཆེས་འབྲེལ་བ་གནང་བའི་ཀིལ་ནར་ཧྥོན་ཌེ་ཤོན་ཚོགས་པས་འཚོ་བའི་མཐུན་རྐྱེན་ལོ་ཤས་རིང་གནང་བ་སོགས་ཀྱི་རོགས་ཕན་བཟང་པོ་ལ་བརྟེན་ནས། ཕྱི་ལོ་ ༡༩༨༩ ལོར་བཟོ་བཀོད་ཕུན་སུམ་ཚོགས་པའི་ཚོགས་ཆེན་འདུ་ཁང་དྲི་གཙང་ཁང་སུམ་ཐོག་ཅན་ལ་རྟེན་གྱི་གཙོ་བོ་ཐུབ་པའི་དབང་པོ་དང་། རྡོ་རྗེ་སེམས་དཔའ། ཨོ་རྒྱན་ཆེན་པོ། རྗེ་བཙུན་སྒྲོལ་མ། ༸རིག་འཛིན་ཀུན་བཟང་ཤེས་རབ་སོགས་ཀྱི་འདྲ་སྐུ་བྱོན་ལེགས་པ་སྨན་འཇིམ་གསེར་གྱིས་བརྒྱན་པ། གཡས་ཕྱོགས་སུ་སྟོན་པའི་སྐུ་བརྙན་བརྒྱ་དང་། གཡོན་ཕྱོགས་སུ་གུ་རུའི་སྐུ་བརྙན་བརྒྱ་གསེར་ཟངས་ལས་གྲུབ་པ། ལོགས་བྲིས་མཉམ་མེད་དོན་ཀུན་གྲུབ་པ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ། རྒྱལ་བ་རིགས་ལྔ་ལ་བསྐལ་བཟང་རྫོགས་པའི་སངས་རྒྱས་སྟོང་གིས་བསྐོར་བ། གུ་རུ་སྣང་སྲིད་ཟིལ་གནོན་ལ་གུ་རུའི་སྐུ་བརྙན་སྟོང་རྩས་བསྐོར་བ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས། བཀའ་གཏེར་བླ་མ་བརྒྱུད་པའི་ལོགས་རིས། ཞི་ཁྲོ་དམ་པ་རིགས་བརྒྱ། མཁན་སློབ་ཆོས་གསུམ། གྲུབ་ཆེན་རྗེ་འབངས་ཉེར་ལྔ། ཡི་དམ་བཀའ་དགོངས་ཕུར་གསུམ། དཔལ་ཡུལ་རང་ལུགས་དང་། ཀློང་ཆེན་སྙིང་ཐིག་གི་བཀའ་སྲུང་ཡོངས་རྫོགས། སྒོ་ཁྱམས་སུ་རྒྱལ་ཆེན་སྡེ་བཞི། སྲིད་པ་འཁོར་ལོ། གླིང་བཞི་ཆགས་ཚུལ། གཏེར་སྲུང་རྨ་རྒྱལ་སྤོམ་ར་བཅས་དང་། རྒྱ་མཐོང་སྟེང་ངོས་སུ་སྔ་འགྱུར་བཀའ་གཏེར་བརྒྱུད་པའི་བླ་མ་རྣམས་ཀྱི་ལོགས་བྲིས་བཀོད་ལེགས་པ། ཐོག་བརྩེགས་བར་པ་ལ་གཟིམ་ཤག་དང་། འཛམ་གླིང་མཁས་དབང་དག་གི་གསུང་རྩོམ་སྣ་མང་བཞུགས་པའི་དཔེ་མཛོད་ཁང་ཆེན་མོ། ཐོག་བརྩེགས་གསུམ་པ་ལ་རྗེ་འབངས་ཉེར་ལྔའི་ལྷ་ཁང་ནང་དུ་རྟེན་གཙོ་མཁན་སློབ་ཆོས་གསུམ་ལ་གྲུབ་ཆེན་རྗེ་འབངས་ཉེར་ལྔ་བྲག་རིའི་ཁོང་གསེང་ན་བཞུགས་པའི་སྐུ་བརྙན་གསེར་གྱིས་བརྒྱན་པ། གཞན་ཡང་རྒྱན་ཁང་གཉིས་དང་། གཏོར་ཁང་སོགས་ལེགས་གྲུབ་བྱུང་ནས་མཛད་སྒོའི་དབུ་འབྱེད་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞབས་ཟུང་བཀྲ་ཤིས་པའི་རེ་ཁ་རྣམ་པར་བཀོད་དེ་མཛད་སྒོའི་དབུ་འབྱེད་དང་འབྲེལ་གདུལ་བྱ་ཁྲི་ཕྲག་བརྒལ་བར་ཚེ་དབང་དང་། འདི་ཕྱིར་ཕན་པའི་བླང་དོར་གྱི་བཀའ་སློབ་བཟང་པོ་ཉིན་གསུམ་རིང་བཀའ་དྲིན་བསྐྱངས་པའི་སྐལ་བཟང་ཐོབ། གཞན་ཡང་སྔ་ཕྱི་རིམ་པར་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་ལན་བདུན། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༸ཀརྨ་པ་རིག་པའི་རྡོ་རྗེ། ༸སྨིན་གླིང་ཁྲི་ཆེན་རིན་པོ་ཆེ། ༸སྨྱོ་ཤུལ་མཁན་རིན་པོ་ཆེ། ༸ས་སྐྱ་བདག་ཆེན་རྣམ་གཉིས། ༸རྫ་རོང་འཁྲུལ་ཞིག་རིན་པོ་ཆེ། ༸མདོ་མང་གཡང་ཐང་རིན་པོ་ཆེ། ༸དཔལ་སྤྲུལ་ཀརྨ་སྐུ་ཆེན་རིན་པོ་ཆེ། ༸སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེ། ༸གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ། ༸རྨུགས་སངས་སྐུ་ཆེན་རིན་པོ་ཆེ། ༸རྫོགས་ཆེན་རིན་པོ་ཆེ། ༸ཞེ་ཆེན་རབ་འབྱམས་རིན་པོ་ཆེ། ༸རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། ༸དཔལ་སྤུངས་སི་ཏུ་རིན་པོ་ཆེ། ༸བསོད་རྒྱལ་རིན་པོ་ཆེ། ༸ཀཿཐོག་དགེ་རྩེ་རིན་པོ་ཆེ། ༸ཁམས་སྤྲུལ་སྐུ་གོང་འོག། ༸ཞྭ་དམར་རིན་པོ་ཆེ། ༸འཛི་སྒར་རིན་པོ་ཆེ། ༸འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ༸གྲུ་གུ་ཆོས་རྒྱལ་རིན་པོ་ཆེ། ༸དིལ་མགོ་མཁྱེན་རྩེའི་ཡང་སྲིད། ༸བདུད་འཇོམས་ཡང་སྲིད། ༸རྫོང་ནང་ཡང་སྲིད། ༸མཆོག་གླིང་ཡང་སྲིད། ༸སྨིན་གླིང་གདུང་སྲས། ༸ས་སྐྱའི་གདུང་སྲས་སྐུ་བགྲེས། ༸སྨིན་གླིང་མཁན་ཆེན། ༸ཀླུ་ལྡིང་མཁན་ཆེན། ༸ས་སྐྱའི་ཞབས་དྲུང་རྣམ་གཉིས། ༸གནས་ཆུང་སྐུ་རྟེན། ༸མཁན་ཆེན་བརྩོན་འགྲུས། ༸མཁན་པོ་པདྨ་ཤེས་རབ། ༸མཁན་པོ་རྣམ་གྲོལ་ཚེ་རིང་། ༸མཁན་པོ་ཀུན་དགའ་དབང་ཕྱུག་སོགས་རྩོད་བྲལ་རིས་སུ་མ་ཆད་པའི་མཁས་གྲུབ་དུ་མ་གདན་དྲངས་ཤིང་རྟེན་གསུམ་ལ་རབ་གནས་དང་། བླང་དོར་གྱི་བཀའ་སློབ། ཟབ་ཅིང་རྒྱ་ཆེ་བའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་སྒོ་འཕར་ཡངས་པོར་ཕྱེས་ནས་གདུལ་བྱ་དག་སྨིན་ཅིང་གྲོལ་བར་མཛད། དེ་རྗེས་མགོན་པོ་གང་གིས་སྐུ་ངལ་ཁྱད་བསད་ཀྱིས་རྣམ་པར་དཀར་བའི་མཛད་ཕྲིན་བླ་ན་མེད་པའི་བཀའ་དྲིན་ལ་བརྟེན་ནས་རིམ་བཞིན་གྲྭ་ཤག་དང། རུང་ཁང་། རྒྱུན་ལས་ཁང་གསུམ། རྩིས་འཕྲུལ་ཁང་གསུམ། རྒྱལ་བའི་བཀའ་དང་། རྒྱ་བོད་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་དང་། འདོན་ཆོག་སྐོར་སོགས་བཞུགས་པའི་གྲྭ་ཚང་དང་། བཤད་གྲྭ། སློབ་གྲྭ་བཅས་ཀྱི་དཔེ་མཛོད་ཁང་གསུམ། སློབ་གྲྭ་རིག་གནས་ཀུན་འབྱུང་གླིང་། སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ། མགོན་ཁང་བདུད་དཔུང་ཟིལ་གནོན། སློབ་གྲྭ་དང་བཤད་གྲྭའི་འཛིན་ཁང་བཅུ་གྲངས། མཚོ་པདྨར་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་། སྒྲུབ་གྲྭ་འོད་གསལ་གླིང་། གྲྭ་ཚང་སོགས་དང་། སུ་ཇ་སློབ་གྲྭ་དང་། མཚོ་པདྨ། སྦིར་བཅས་ལ་ཆོས་འཁོར་ཆེན་པོ་གསུམ་བཅས་བཞེངས་པ་དང་། གཞན་ཡང་གྲྭ་ཚང་གི་འཚོ་རྟེན་དུ། ལྡི་ལི་དང་། སྦིར་གཉིས་སུ་མགྲོན་ཁང་གཉིས་དང་ཟ་ཁང་། ཚོང་ཁང་ཆུང་ངུ་གཉིས། གྲུམ་གདན་བཟོ་གྲྭ་དང་། སྤོས་བཟོ་གྲྭ། ཚེམ་བཟོ་ཁང་གསུམ་བཅས་གསར་བཙུགས་གནང་བས་ལེགས་གྲུབ་བྱུང་སྟེ། སྦིར་གཞིས་ཆགས་ཁག་གསུམ་དང་། བོད་ནས་གསར་དུ་འབྱོར་བའི་ལས་མེད་ཁག་ལ་ཕན་འབྲས་ཆེན་པོ་བྱུང་ཞིང་དགོན་པ་ལའང་གང་འཚམས་ཀྱི་ཕན་ཐོགས་བྱུང་། དགོན་འདིར་བོད་དང་། བལ་པོ། འབྲུག་ཡུལ། འབྲས་ལྗོངས། ཁུ་ནུ། སྤི་ཏིས། ལ་དྭགས། མོན་ཡུལ་སོགས་ནས་ཕེབས་པའི་དགེ་འདུན་པ་སུམ་བརྒྱ་མ་ཟིན་ཙམ་གཏན་བཞུགས་ཡོད་ཅིང་། བཞུགས་ཤག་གསོལ་ཚིགས་དང་མལ་ཆས་ཆ་ཚང་གནང་བའི་ཐོག། ལོ་ལྟར་ན་བཟའ་དང་། ནད་པ་དག་ལ་གསོལ་སྨན་གྱི་འགྲོ་གྲོན་ཡོངས་རྫོགས་གནང་གི་ཡོད། ཕྱི་ལོ་ ༡༩༧༥ ལོར་ཤར་འཇར་མན་ནས་འཇར་མན་རྒྱལ་ཁབ་ལ་སྐྱབས་བཅོལ་དུ་ཕེབས་པའི་ཨ་མ་ཝེ་གྷར་དང་༸རི་སྤྲུལ་རིན་པོ་ཆེ་ཐོག་མར་མཇལ་ཞིང་བོད་མི་སྐྱབས་བཅོལ་བ་ཉམ་ཐག་རྣམས་ཀྱི་ཆེད་དུ་ཚོགས་པ་ཞིག་གསར་འཛུགས་དགོས་པའི་རེ་སྐུལ་ཞུས་པ་ལྟར། ཁོང་གིས་འཇར་མན་ཨེཌ་ཊུ་ཊི་བྷེ་ཊན་རོགས་ཕན་ཚོགས་པ་གསར་འཛུགས་གནང་སྟེ་ཉེ་འཁོར་གྱི་བོད་མི་དག་ལ་རོགས་རམ་གནང་། སླར་ཡང་རིན་པོ་ཆེ་མཆོག་ནས་ས་གནས་འདི་ཙམ་དུ་མ་ཟད་བོད་མི་སྐྱབས་བཅོལ་བ་ཉམ་ཐག་ཡོངས་ལ་རོགས་ཕན་དགོས་པའི་རེ་འདུན་གནང་བ་བཞིན་ཁོང་གིས་ཕྱོགས་དང་རིས་སུ་མ་ཆད་པའི་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ་ཁག་གི་ཉམ་ཐག་ཁྲི་གསུམ་ལྷག་ལ་སྦྱིན་བདག་གཏུགས་གནང་མཛད་པར་བརྟེན། ཕྱི་ལོ་ ༢༠༠༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཤར་འཇར་མན་གྱི་རྒྱལ་ས་སྦར་ལིང་དུ་ཆེད་ཕེབས་གནང་སྟེ་འཛམ་གླིང་ཉམ་ཐག་ཚོགས་པའི་བྱམས་སེམས་ཅན་གྱི་ཨ་མ་ཞེས་པའི་གཟེངས་རྟགས་བསྩལ་གནང་མཛད། གཞན་ཡང་དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེ་མཆོག་ནས་དེ་སྔོན་ཕྱག་རོགས་གང་ལེགས་གནང་ཡོད་ཅིང་། རི་སྤྲུལ་ཀུན་བཟང་བསྟན་འཛིན་མཆོག་ནས་ཀྱང་གང་ཅིའི་ཐད་ཕྱག་རོགས་གནང་དང་གནང་བཞིན་པ་དང་། ཕྱི་ལོ་ ༡༩༩༡ ལོ་ནས་ད་ལྟའི་བར་༸རི་སྤྲུལ་རིན་པོ་ཆེ་མཆོག་ནས་སྐུ་ངལ་འཛེམས་མེད་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོའི་དངུལ་གཉེར་སོགས་རྙེད་བཀུར་གྲགས་འདོད་སོགས་དང་མ་འདྲེས་པར་ལྷག་བསམ་རྣམ་པར་དག་པས་ཐུགས་འགན་བཞེས་ཏེ་བསྟན་དང་འགྲོ་བའི་རྒུད་པ་གཞི་ནས་གསོ་བའི་སྨོན་ལམ་ཡང་དག་པ་འཛམ་གླིང་ཡོངས་ལ་རླུང་ལྟར་གྲགས་པ་འདི་ཉིད་བྱུང་བ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །སྨོན་ལམ་ཆོས་སྒར་གྱི་གཙུག་ལག་ཁང་གི་རྟེན་རྩར། ༸སྐྱབས་རྗེ་མཁོ་སྤྲུལ་རིན་པོ་ཆེ་དང་༸རི་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ནས་འཇར་པན་བླ་མ་ཞིག་ལ་རེ་བ་ཞུས་པར་བརྟེན་ཧིན་སྒོར་འབུམ་དྲུག་ཅུ་རེ་བཞི་དང་ལྔ་ཁྲིའི་མཐུན་འགྱུར་ཐོབ། སྦིར་དང་ཅོན་ཏ་རའི་ས་གནས་ཀྱི་སྡེ་དགེ་དང་ནང་ཆེན་གཞིས་ཆགས་གཉིས་ལ་འཐུང་ཆུའི་དཀའ་ངལ་ཡོད་སར་འཐུང་ཆུ་གསར་ཁྲིད་དང་། སྡེ་ནང་བོད་གསུམ་གྱི་གཞིས་ཆགས་སློབ་གྲྭའི་སྒྲིག་ཆས་ཆ་ཚང་ལོ་མང་རིང་གནང་བ་དང་། སློབ་ཁང་ཞིག་གསོ། སྡེ་དགེ་ལས་ཁུངས་ཀྱི་ལྕགས་རི་གསར་བསྐྲུན་དང་། རབ་བྱུང་ཕོ་མོ། རྒས་འཁོགས། སློབ་ཕྲུག་བཅས་ཞལ་གྲངས་སུམ་བརྒྱ་བཅོ་བརྒྱད་ཙམ་ལ་རྒས་ཕོགས་དང་སློབ་ཡོན་གནང་བཞིན་ཡོད། སྦིར་བོད་ཚོགས་ལ་རྩིས་འཕྲུལ་གཅིག་དང་། ལམ་འགག་དང་ལས་བྱེད་རྣམས་ཀྱི་བཞུགས་ཤག་གསར་བསྐྲུན་ལ་ཞལ་འདེབས་ཕྱག་རོགས་གནང་། སྦིར་བོད་རྒྱ་གཉིས་ཀྱི་སྨན་ཁང་དང་། ཅོན་ཏ་རའི་སྨྱུང་གནས་ལྷ་ཁང་བཞེངས་པར་རོགས་ཕན་གནང་བ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་སྦགས་ཤིང་ཚེ་རབས་དུ་མར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་བསླབས་པར་བརྟེན། རིས་མེད་ཉམ་ཐག་གི་རིགས་ལ་བརྩེ་བས་ཟས་གོས་ཆོས་གསུམ་གྱི་རོགས་རམ་དང་། འཁོས་ཞན་ནད་པ་དག་གི་འགྲོ་གྲོན་ཆ་ཚང་གནང་སྟེ་རིན་བྲལ་སྲོག་གི་སྦྱིན་པའང་གྲངས་མེད་གནང་། གཞིས་ཆགས་ཁག་གསུམ་གྱི་གཤིན་དགེ་གསོན་རིམ་ཆེད་གྲྭ་རྐྱང་དཀྱུས་མ་བཞིན་དུ་ཕེབས་ནས་བསྟན་དང་འགྲོ་བའི་ཁུར་ཆེན་བདག་གིར་བཞེས་ཏེ་ཐུགས་བསྐྱེད་ཞུམ་པ་མེད་པས་ཀུན་གྱི་བྲན་བཞིན་དམན་པའི་སྤྱོད་པས་ཉིན་མཚན་ཀུན་ཏུ་སྐུ་ངལ་བརྒྱ་ཕྲག་དུ་མ་ཁྱད་བསད་གནང་སྟེ། རང་གཞན་མཐོ་དམན་སུ་ལའང་གུས་བཀུར་བྱམས་གཟིགས་ཁོ་ནས་ཕན་པ་འབའ་ཞིག་མ་གཏོགས་ཚིག་གི་མཐོ་དམན་ཙམ་ཡང་ཞལ་སྒོ་ནས་གསུངས་མ་མྱོང་བའི་དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བའི་རྣམ་ཐར་བཟང་པོ་བསྐྱངས། རྒྱ་བལ་འབྲུག་གསུམ་སོགས་སུ་དགེ་ཚུལ་སློང་གི་སྡོམ་རྒྱུན་བརྒྱ་ཕྲག་དུ་མ་སྤེལ་བ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཁྱད་ཆོས་ཆེ་བ་དྲུག་གི་མངོན་པར་མཐོ་བའི་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པར་གཟུར་གནས་བློ་ལྡན་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་མངོན་པར་འཐོར་བཞིན་པའོ། །
སྐུ་ཡུལ་རི་མགོ་དགོན་པ་དུས་འགྱུར་གྱི་རླུང་དམར་དྲག་པོས་རྩ་འཐོར་དུ་སོང་བར་གསར་བཞེངས་ཀྱི་མཐུན་རྐྱེན་དུ་ཕྱི་ལོ་ ༡༩༨༠ ལོར་ཀྲུང་སྒོར་ཆིག་ཁྲི་ཐམ་པ་དང་། གསེར་ཟངས་ལས་གྲུབ་པའི་སྟོན་པ་དང་གུ་རུའི་སྐུ་ལུས་ཚད་ཅན་གཉིས། ཆུང་བ་ཉིས་བརྒྱ་བཅས་གནང། ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་སྔ་ཕྱིར་འཕགས་ཡུལ་ནས་ལན་གསུམ་ཆེད་ཕེབས་གནང་སྟེ་དད་ལྡན་གྱི་གདུལ་བྱ་རྣམས་ཟབ་རྒྱས་གདམས་པའི་ཆོས་ཆར་གྱིས་ངོམ་པར་མཛད་པ་དང་། རི་དགོན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་གནས་སྤོས་གནང་སྟེ། རྟེན་འདུ་ཁང་ཀ་བ་ཉེར་བཞི་ཐོག་བརྩེགས་གསུམ་ཅན་གཉྫིར་རྒྱ་ཕིབས་དང་བཅས་པར་རྟེན་གཙོ་ཐུབ་དབང་གསེར་ཟངས་ལས་གྲུབ་པ་ཐོག་བརྩེགས་གཅིག་ཅན་དང་། རྒྱུ་ཆ་བཟང་བའི་ཀ་འཕེན་དང་རྒྱལ་མཚན་སོགས་འཕགས་ཡུལ་ནས་བསྐུར་གནང་མཛད་ཅིང་། ཤེས་རིག་ནོར་གྱིས་དབུལ་ཞིང་ར་ལུག་འཚོ་སྐྱོང་ཙམ་གྱིས་མི་ཚེ་རྫོགས་བཞིན་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་སློབ་གྲྭ་གསར་འཛུགས་གནང་སྟེ་དགེ་སློབ་ཡོངས་ལ་འཚོ་གོས་ཀྱི་མཐུན་རྐྱེན་སྦྱར་བ་སོགས་དང་། ཡུལ་མི་སྡེ་ཁག་བརྒྱད་ཀྱི་ཁྱིམ་ཚང་རེ་ལ་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་བརྙན་རེ་གནང་བ་མ་ཟད། ཡུལ་དགོན་གཉིས་ལ་གློག་གི་དཀའ་ངལ་སེལ་ཆེད་ཀྲུང་སྒོར་ཁྲི་བཞི་བཅུ་ལ་ཉེ་བའི་བཀའ་དྲིན་བསྐྱངས་པ་སོགས། མདོར་ན་འཛི་སྒར་རིན་པོ་ཆེའི་གཏེར་ལུང་ལས། རི་དགོན་བསྟན་པ་སྦྲུལ་གྱི་མཇུག་མ་བཞིན། །ཕྲ་ཞིང་ཕྲ་ལ་ཆད་རྒྱུ་མེད་པར་འོང། །ཞེས་ལུང་བསྟན་པ་ལྟར་རི་དགོན་བསྟན་པ་མེ་ཤི་བའི་དུད་པ་ཙམ་དུ་གྱུར་པའི་དུས་སུ། དམ་པ་ཁོང་གི་ཐུགས་བསྐྱེད་ཟབ་མོའི་ཉེར་ལེན་ལ་བརྟེན་ནས་སླར་ཡང་གཞིས་བྱེས་གཉིས་སུ་བཤད་སྒྲུབ་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར་ཏེ་དམ་ཆོས་འོད་སྣང་དཀར་པོས་འགྲོ་བའི་དུཿཁའི་ཚ་གདུང་བསལ་བར་མཛད་པ་ནི་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོའི་མཐུ་ལས་བྱུང་བ་གོར་མ་ཆགས། དེང་གི་ཆར་ཡང་བསྟན་འགྲོར་སྨན་པའི་མཛད་ཕྲིན་བཟང་པོ་ངོ་མཚར་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཚར་དུ་དངར་བ་ལགས་ཤིང་། སླད་ཀྱང་སྲིད་པ་ནམ་གནས་ཀྱི་བར་དུ་རྒྱལ་བསྟན་སྤྱི་དང་། བྱེ་བྲག་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱིས་གཙོས་བསྟན་དང་འགྲོ་བའི་མགོན་དཔུང་དམ་པར་ཞབས་པད་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་གཞེས་ནས་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པའི་གསོལ་སྨོན་ཟབ་མོས་མཐའ་བརྒྱན་པའོ།། །།