༧རི་སྤྲུལ་ཀུན་བཟང་བསྟན་འཛིན་རིན་པོ་ཆེ།

Kunsang Tensing Rinpoche 8༄༅། །རི་སྤྲུལ་ཀུན་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༨༥ ལོར་མདོ་ཁམས་སྡེ་དགེ་དཔལ་ཡུལ་དུ་སྐུ་འཁྲུངས། ཀུན་མཁྱེན་ངག་གི་དབང་པོའི་ཡང་སྲིད་སངས་རྒྱས་ཚེ་རིང་རིན་པོ་ཆེས་རི་དགོན་མཁན་པོ་ཀུན་བཟང་བློ་ལྡན་གྱི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་དྲུག་གི་ཐོག་ཀཿཐོག་དགོན་དུ་ཁྲི་གསོལ་ཞུས་རྗེས་དགོན་དེར་ཡི་གེ་འབྲི་ཀློག་དང་ཆོ་ག་ཕྱག་ལེན་སོགས་ལ་སློབ་བརྩོན་མཛད་ཞོར་བཀའ་གཏེར་གྱི་དབང་དང་གདམས་པ་དུ་མ་གསན་བསམ་མཛད། དེ་རྗེས་རི་དགོན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཁྲི་གསོལ་རྒྱ་ཆེར་གྲུབ་རྗེས་དཔལ་ཡུལ་བཤད་གྲྭར་བགྲང་བྱ་ལྔ་ཡི་རིང་མདོ་སྔགས་རིག་གནས་བཅས་པར་སྦྱངས་བརྩོན་གནང་། ཕྱི་ལོ་ ༢༠༠༠ ལོར་འཕགས་ཡུལ་དུ་ཕེབས་ཏེ་རི་དགོན་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭར་ལོ་གསུམ་རིང་སློབ་སྦྱོང་གནང་། དེ་རྗེས་མཱ་ལེ་ཤི་ཡ་དང་ཐེ་ཝན། ཨ་རི་སོགས་སུ་ཕེབས་ཏེ་ཆོས་ཚོགས་གསར་འཛུགས་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་དང་། སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་ཉེར་བདུན་པའི་སྦྱིན་བདག་གནང་བས་མཚོན་རྒྱལ་བསྟན་སྤྱི་དང་། ཁྱད་པར་སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་ལ་ཞབས་འདེགས་ཅི་ལྕོགས་ཞུ་བཞིན་ཡོད།། །།